ཁོང་གི་རྨི་ལམ་གྱི་མཐའ་རྒྱ་སྙེག་པ།

 
གྲྭ་སྨོན་ལམ་ལགས་ཀྱི་དྲིན་ལ། ད་ནི་ང་ཚོའི་གློག་ཀླད་ཀྱི་ནང་དང་དྲ་རྒྱའི་ངོས་སུ་བོད་ཡིག་གི་ཚིག་མཛོད་དེ་དབྱིན་ཡིག་དང་ཇི་མ་ཇི་བཞིན་གྱི་སྟབས་བདེ་བོ་ཞིག་ཡོང་རྒྱུ་རེད། མ་མཐར་ཡང་ལོ་གཅིག་གི་རྗེས་ནས་དཀའ་ངལ་འདི་སེལ་རྒྱུ་རེད།

ཁ་སང་དེ་རིང་ངའི་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་དུ་དབྱིན་ཡིག་གི་ཚིག་མཛོད་དང་མཉམ་དུ་བོད་ཡིག་གི་ཚིག་མཛོད་ཀྱང་ཡོད། དབྱིན་ཡིག་གི་དག་ཆ་འཚོལ་དུས་གང་འདྲ་རེད། བོད་ཡིག་གི་དག་ཆ་འཚོལ་དུས་ཀྱང་དེ་དང་གཅིག་མཚུངས་རེད། འདི་ནི་གྲྭ་སྨོན་ལམ་ལགས་ཀྱིས་ཉེ་ཆར་ཚོད་ལྟའི་ཚུལ་དུ་སྒྲིག་པའི་དག་ཡིག་དེ་ཡིན་ལ། ངེས་དགོས་པ་ཞིག་ལ་ད་ལྟའི་ཆར་ཚོད་ལྟ་རང་རེད།

ཇི་སྲིད་གློག་ཀླད་དང་མཉེན་ཆས་ཀྱི་དར་སྲོལ་མཚམས་མ་བཞག་བར་དུ། འདི་དག་བོད་ཡིག་ཅན་དུ་བསྒྱུར་རྒྱུའི་གྲྭ་སྨོན་ལམ་ལགས་ཀྱི་རྨི་ལམ་དེ་ནི་མཚམས་འཇོག་རྩིས་ཁྱོན་ནས་མི་འདུག
 
གྲྭ་སྨོན་ལམ་ལགས་ཉེ་ཆར་ཉི་ཧོང་ནས་ཕྱིར་སླེབས་མཚམས་རེད། དེ་བས་ཕྱི་ཚེས་ ༢༤ ཉིན་ཁོང་དང་མཉམ་དུ་དུས་ཡུན་རིང་པོ་ཞིག་ལ་སྐད་ཆ་བྱུང་། ངས་ཁོང་ད་རེབ་ཉི་ཧོང་ལ་སོང་བའི་ལས་དོན་སྐོར་ནས་དྲིས་ལ། ཁོང་གིས་ང་ཐེངས་འདིར་ཉི་ཧོང་དུ་ཡོད་པའི་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་དུ་ ཐོག་མར་རྒྱལ་སྤྱིའི་ཚད་ལྡན་ཨང་རྟགས་ཅན་གྱི་བོད་ཡིག་འཇུག་མཁན་ཨཱོ་ཐ་ན་མཐོ་སློབ་དང་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ལས་ཁུངས་གཉིས་མཉམ་འབྲེལ་གྱིས་མགྲོན་འབོད་ལྟར་ཕྱིན་པ་ཡིན། དེར་སོང་ནས་ཐོག་མར་སྨོན་ལམ་བོད་ཡིག་གསུམ་པའི་སྐོར་ནས་གྲོས་བསྡུར་བྱས་པ་ཡིན་ལ། ཁོང་ཚོས་རྗེས་མ་སྨོན་ལམ་བོད་ཡིག་གསུམ་པ་དེ་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་དུ་འཇུག་རྒྱུའི་མོས་མཐུན་བྱས་བྱུང་། དེ་ནས་ཞོར་དུ་འདས་པའི་ཟླ་ཤས་རིང་ངས་སྒེའུ་ཁུང་རྟགས་ཅན་གྱི་གློག་ཀླད་ནང་དུ་ཚིག་མཛོད་ཅིག་བཟོ་བཞིན་ཡོད་པ་ལྟར། ད་རེབ་སྟབས་ཡག་ནས་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ཆེད་མཁས་པ་ཚོས་ལམ་སྟོན་གནང་བྱུང་བས་ཕན་ཐོགས་ཞེ་དྲག་བྱུང་། དེ་ནས་ཞོར་ཏུ་ཊོག་ཀྱོ་རུ་ཡོད་པའི་བོད་པ་དང་བོད་ཡིག་དོན་གཉེར་ཅན་སྐོར་ཞིག་ལ་སྨོན་ལམ་བོད་ཡིག་གསུམ་པའི་བཀོལ་སྤྱོད་སྐོར་ལ་ཟབ་སྦྱོང་ལྟ་བུ་ཞིག་ཀྱང་འཚོགས་པ་ཡིན། ཐེངས་འདིར་ཉི་ཧོང་དུ་ཡོད་པའི་རྒྱ་རི་རིག་འཛིན་དང་། བློ་བཟང་ཡེ་ཤེས། ཁུ་རོ་ཁྱི། ནུ་མུ་ར། ཧེ་རོ་ཤི་མར་ཡོད་པའི་སྒོ་མང་གྲྭ་ཚང་གི་ཆོས་ཚོགས་སོགས་ཀྱིས་རོགས་རམ་ཞེ་དྲག་གནང་བྱུང་ཟེར། དེ་ནས་ཉི་ཧོང་གི་བོད་རིག་པའི་ཚོགས་ཆེན་ཐོག་སྨོན་ལམ་བོད་ཡིག་སྐོར་ངོ་སྤྲོད་བྱས་འདུག

 དེ་ནས་ཚིག་མཛོད་དེ་གང་འདྲ་ཞིག་ཡིན་མིན་ཤེས་འདོད་ཀྱི་འབུ་དེ་ངའི་སེམས་པའི་གཏིང་ནས་འགུལ་མགོ་བརྩམས་པ་དང་མཉམ་དུ་དྲི་བ་དེ་ཁ་ནས་ཤོར། ཁོང་གིས་བཤད་དོན། ད་ལྟའི་ཆར་བོད་ཡིག་གི་ཚིག་མཛོད་དེར་ཐ་སྙད་དྲུག་ཁྲི་ལྷག་ཡོད་ལ། གཞི་བཅོལ་ས་གཙོ་བོ་ནི་དག་ཡིག་གསར་སྒྲིག་དང་བོད་རྒྱ་ཚིག་མཛོད་གཉིས་ཡིན། འདི་ནི་བོད་ཡིག་གི་མིང་ཚིག་བོད་ཡིག་གི་ཚིག་མཛོད་ནང་དུ་འཚོལ་ས་དེ་ཡིན། དེ་བཞིན་དབྱིན་ཡིག་ནས་བོད་ཡིག་ལ་འཚོལ་སའི་ཚིག་མཛོད་ཀྱང་སྒྲིག་རྒྱུ་ཡིན་ལ། འདི་ནི་སྐུ་ཞབས་ཀརྨ་སྨོན་ལམ་ལགས་ཀྱི་དབྱིན་བོད་ཚིག་མཛོད་དེ་ཡིན། ཁོང་གིས་ཀྱང་འདི་ལ་མོས་མཐུན་གནང་བྱུང་། དེ་ནས་བོད་ཡིག་ནས་དབྱིན་ཡིག་འཚོལ་སའི་ཚིག་མཛོད་ཅིག་ཀྱང་སྒྲིག་རྩིས་ཡིན། འདི་དག་ནི་ཀུ་ཤུ་རྟགས་ཅན་དང་སྒེའུ་ཁུང་རྟགས་ཅན་གྱི་གློག་ཀླད་གཉིས་ཀའི་ནང་དུ་ཡོང་གི་རེད། ཡིན་ཡང་། གློག་ཀླད་ཀྱི་རྩ་བའི་མ་ལག་མི་འདྲ་སྟབས་འཚོལ་སྟངས་དང་སྒྲིག་སྟངས་ལ་ཁྱད་པར་ཅུང་འགྲོ་སྲིད་ཀྱང་ཚིག་མཛོད་ཀྱི་མ་ཟིན་ལ་འགྱུར་བ་འགྲོ་གི་མ་རེད། ལོ་རྗེས་མའི་ལོ་མཇུག་ཙམ་ལ་སྒྲིག་ཚར་རྒྱུའི་རེ་བ་ཡོད། ད་ལྟའི་ཆར་ལས་རོགས་གཉིས་ཀྱིས་ཞུ་དག་བྱེད་བཞིན་ཡོད་ལ། ད་དུང་ཡིག་རྩ་ལེགས་མཁན་རེ་ཟུང་ལ་སྐྱབས་བཅོལ་དགོས་བསམ་བསྡད་ཡོད། ཡིན་ཡང་། དྲ་ཐོག་གི་ཚིག་མཛོད་ཅིག་བཟོ་རྩིས་ཡོད། དེ་བཟོས་པ་ཡིན་ན་མི་སུ་ཞིག་དྲ་ཁང་གང་ཞིག་ཏུ་གློག་ཀླད་གང་གི་སྔོན་དུ་བསྡད་ཀྱང་། དྲ་ཚིགས་དེ་ཡོད་པའི་རྗེས་ལ་བོད་ཡིག་ཚིག་མཛོད་མེད་པའི་དཀའ་ངལ་དེ་འཕྲད་གི་མ་རེད་ཟེར།

ངེད་གཉིས་ཀྱིས་ཚིག་མཛོད་ཀྱི་སྐོར་བཤད་པའི་བརྒྱུད་རམ་ཁྲོད་ཁོང་གིས་ཚིག་མཛོད་ཀྱི་ལས་འཆར་འདི་ལ་ལས་འཆར་སྔ་ཕྱི་གཉིས་གླེང་བྱུང་བས། ངས་ལས་འཆར་རྗེས་མ་དེ་གང་འདྲ་ཡིན་མིན་ཡང་ཤེས་འདོད་བྱུང་ལ། དེར་ཁོང་གིས། ད་ཐེངས་ཀྱི་ཚིག་མཛོད་འདི་ནི་སྤྱིར་བཏང་གི་བེད་སྤྱོད་ཙམ་ལ་དམིགས་པ་ཡིན། སྤྱིར་བཏང་དེང་སྐབས་བོད་ལ་དེབ་གཟུགས་སུ་ཡོད་པའི་དག་ཡིག་དང་ཚིག་མཛོད་ཆེན་པོ་ ༡༧ ལྷག་ཅིག་འདུག དེར་བརྟེན་རྗེས་མ་ག་ལེར་བྱས་ནས་འདི་དག་ཐམས་ཅད་ཕྱོགས་གཅིག་ཏུ་སྒྲིག་སྟེ་ཚིག་མཛོད་ཆེན་པོ་ཞིག་བཟོ་དགོས་པ་མིན་འགྲོ་སྙམ། དེ་བྱུང་ན་མ་མཐར་ཡང་མིང་ཚིག་དང་ཚིག་འགྲེལ་འབུམ་བཞི་ལྔ་ཙམ་ཡོད་སྲིད་པ་རེད། དུང་དཀར་ཚིག་མཛོད་ལྟ་བུའི་རིགས་ཀྱང་ནང་དུ་འཇུག་ཐུབ་པ་ཡིན་ན་ཡག་པོ་ཡོང་གི་རེད་ཟེར། དེ་མིན་ནང་ཆོས་ཐད་ནས་བཤད་ན་ས་དགེ་བཀའ་རྙིང་བོན་དང་བཅས་པའི་ཆོས་ཚིག་མང་པོ་ཞིག་ཕྱོགས་གཅིག་དུ་བཟོ་ན་འདོད། དེའི་རིགས་དཀོན་པོ་རེད། དེ་བཞིན་ཐ་སྙད་གསར་བའི་སྐོར་ལ་བོད་ཕྱི་ནང་གཉིས་ནས་བཟོས་པ་ཡོངས་རྫོགས་གཞི་གཅིག་གི་ཐོག་ཏུ་སྤུངས་ཐུབ་ན་ཕན་ཐོགས་ཆེན་པོ་རེད། བོད་ཕྱི་ནང་གཉིས་གཅིག་གྱུར་དགོས་རྒྱུ་གལ་ཆེན་རེད་ཟེར།

སྐབས་འདིར་ང་ཚོས་རང་བཞིན་གྱིས་དྲ་ངོས་ན་སྐད་ཡིག་སྣ་ཚོགས་ཀྱི་ནང་དུ་འབེལ་འབེལ་ལྷུག་ལྷུག་ཏུ་ཡོད་པའི་ཝེ་ཀེ་རིག་མཛོད་དང་གྷོ་གྷལ་གྱི་ཡིག་བསྒྱུར་སོགས་ཀྱང་རང་བཞིན་གྱིས་དྲན་ཡོང་སྟབས། གྲྭ་སྨོན་ལམ་གྱིས་མི་དྲན་པ་ག་ལ་སྲིད། ཁོང་གིས་བཤད་དོན། དག་ཡིག་འདི་དག་འཐུས་ཚང་ཞིག་བཟོས་ཚར་བའི་རྗེས་ལ་ང་ཚོ་ཡིག་བསྒྱུར་གྱི་ཕྱོགས་ལ་ཐག་ཉེ་རུ་ཕྱིན་པ་རེད། དབྱིན་ཡིག་དང་བོད་ཡིག་གཉིས་ཕན་ཚུན་གོ་ཐུབ་པ་ཞིག་བསྒྱུར་ཐུབ་པ་ཡིན་ན་དེ་ནས་སྐད་ཡིག་གཞན་གྱི་ནང་དུ་བསྒྱུར་རྒྱུ་ནི་ལས་སླ་བོ་ཆགས་གི་རེད། ངའི་ལས་འཆར་དང་པོ་ནི་ཡི་གེ་འབྲི་ཐུབ་རྒྱུ་དེ་དང་། དེ་ནས་སྐད་གདངས་ལ་ཉན་ཐུབ་པ། དེའི་རྗེས་ནས་ཚིག་མཛོད། དེ་ནས་བརྡ་སྤྲོད། དེའི་རྗེས་ནས་ཡིག་བསྒྱུར་བཅས་ཡིན། འདི་དག་རེ་རེ་ལ་གོམ་པ་རེ་རེ་བཞིན་སྤོས་ནས་འགྲོ་གིན་ཡོད་ཟེར།

འདི་ལྟའི་ལས་གཞི་ཆེན་པོ་ཞིག་མི་སྒེར་བ་ཞིག་གིས་མི་ལྕོགས་པ་ནི་སུས་ཀྱང་ཤེས་ཐུབ་པ་ཞིག་རེད་ལ། གྲྭ་སྨོན་ལམ་ལགས་ཀྱིས་ཀྱང་དེ་ལྟར་བརྗོད་ཀྱིན་འདུག ཁོང་ལྟར་ན། ལོ་གཅིག་གི་རིང་ཁོང་ཕྱི་རྒྱལ་ལ་དབྱིན་ཡིག་སྦྱོང་གི་འགྲོ་རྒྱུ་ཡིན་ཞིང་། འདི་ཡང་སྐད་ཡིག་ཁོ་ན་ཡིན་ཏེ། སྐད་ཡིག་མ་ཤེས་ཚེ་དཀའ་ངལ་རེད་ཟེར། སློབ་སྦྱོང་དེ་ཚར་རྗེས་ཕྱིར་ཡོང་སྟེ་ཆེད་དུ་གློག་ཀླད་དང་མཉེན་ཆས་ཀྱི་རིགས་ལ་ཚོགས་པ་ཞིག་༸གོང་ས་མཆོག་གི་བཀའ་དགོངས་བཞིན་འཛུགས་རྒྱུའི་རེ་བ་རྒྱག་གིན་འདུག་ལ། ཁོང་གིས། དེང་རབས་ཀྱི་འཕྲུལ་ཆས་དང་ཐོན་དངོས་གསར་པ། བརྡ་འཕྲིན་བརྒྱུད་ལམ་འདི་དག་ལ་བོད་པ་རང་གིས་བོད་ཡིག་གི་ལམ་ནས་རྐང་འཛུགས་ཐུབ་རྒྱུ་ནི་གལ་ཆེ་ཤོས་དེ་ཡིན་ལ། དེ་མ་ཐུབ་ཚེ་དུས་རབས་གསར་པའི་བོད་གསར་པ་ཞིག་ལ་མདུན་ལམ་ཁག་པོ་རེད། གང་ལྟར་མ་འོངས་པར་བོད་པ་རང་ངོས་ནས་གློག་ཀླད་ལས་རིགས་རང་མགོ་ཐོན་པ་ཞིག་ཡོང་བར་འབད་རྩིས་ཡོད་ཟེར།

ད་དུང་ཞུ་དགོས་པ་ཞིག་ལ། གྲྭ་སྨོན་ལམ་ལགས་ལ་ལས་འཆར་སྙིང་རྗེ་བོ་གཞན་ཞིག་འདུག་ལ། དེ་ནི་བྱིས་པའི་རྩེད་མཚར་གློག་བརྙན་ Cartoon གྱི་སྐོར་རེད། ཁྱེད་ཚོས་ཊོམ་དང་གྷེ་རེ་གཉིས་ནམ་རྒྱུན་བརྙན་འཕྲིན་ནང་ནས་མཐོང་མྱོང་བ་ལྟར། ཉེ་ཆར་ཁོང་ཉི་ཧོང་ལ་ཕེབས་རྗེས་འདིའི་ཕྱོགས་ལའང་འབྲེལ་བྱུང་འདུག་ཅིང་། ཁོང་གིས་བོད་པའི་བྱིས་པ་ཚོར་རྗེས་མ་བོད་སྐད་ཀྱི་ལམ་ནས་འདི་ལྟའི་རྩེད་མཚར་ གློག་བརྙན་བཟོ་རྒྱུའི་རྨི་ལམ་ཞིག་སྙིང་རྗེ་བོ་ཞིག་ཀྱང་ང་ལ་བཤད་བྱུང་། ང་ཚོས་མངོན་འགྱུར་བྱུང་དང་འབྱུང་བཞིན་པའི་ཁོང་གི་རྨི་ལམ་འདི་དག་གི་མཐའ་རྒྱ་ མྱུལ་བཞིན་མ་འོངས་པའི་བོད་ཀྱི་བརྡ་འཕྲིན་དུས་རབས་ཀྱི་མདུན་ལྗོངས་དེ་འཚོལ་ཆོག
 
རྩོམ་སྒྲིག་པས།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

40 thoughts on “ཁོང་གི་རྨི་ལམ་གྱི་མཐའ་རྒྱ་སྙེག་པ།

  1. གྲྭ་སྨོན་ལམ་ནི་འདོད་ཆུང་མཆོག་ཤེས་ཀྱི་གྲྭ་སྙེམས་ཆུང་ཞིག་ཡིན་པ་མ་གཏོགས་ད་ཟོད་བཙན་བྱོན་ནང་རྒྱུ་སྟོབས་ཆེ་ཤེས་ཞིག་ཆགས་ཡོད་པ་འདོན་མི་བཟའ། ཁྱེད་ཀྱི་འཆི་ལ་ཉེ་བའི་རིགས་གཞུང་ཞིག་སྐྱོབས་རྒྱུ་སེམས་བསྐྱེད་ལ་རྗེས་སུ་ཡིད་རང་དང་ལས་དོན་ལེགས་སྒྲུབ་ཡོང་བའི་བཀྲིས་ཁ་གཡང་སྒྲོགས༎

  2. བློ་བཟང་ཚེ་རིང༌།
    (ཁ་སྔོན་ངེད་རང་ནས་བོད་ནང་ནས་གསར་ཐོན་ཚིག་མཛཽད་དེ་ཉོས་ནས་བེད་སྤྱོད་བྱ་བསམ་སྟེ། མིང་ཚིག་ཁག་ཅིག་བཙལ་ནས་དེ་དག་གི་འགྲེལ་བཤད་བཀླགས་པ་ཡིན། དེའི་ནང་ཡིག་ནོར་འདུག དེ་ནས་དགའ་སྣང་དེ་ཡང་ཆུང་དུ་ཕྱིན་སོང་།)
    བོད་དུ་བཟོས་པའི་ཚིག་མཛོད་དེར་མི་དག་པ་འགའ་དཔེ་མཚོན་ཙམ་འགོད་རྒྱུ་རེག་གམ། ཡོད་ན་དེར་བཟོས་པའི་དག་ཡིག་གསར་བསྒྲིགས་ལས་བྲིས།

  3. བོད་དུ་བཟོས་པའི་བློ་བཟང་ཚིག་མཛོད་དུ་ཡོད་པའི་ཚིག་མཛོད་ནི་དུར་དཀར་ཚིག་མཛོད། དག་ཡིག་གསར་སྒྲིགས། བོད་རྒྱ་ཚིག་མཛོད་ཆེན་མོ། རྒྱ་བོད་ཚིག་མཛོད་ཆེན་མོ། དབྱིན་བོད་ཚིག་མཛོད་སོགས་ཚིག་མཛོད་༣༤་ཡོད། ལོ་རྒྱུས། དགོན་པ་ངོ་སྤྲོད། ལེགས་བཤད། གཏན་དཔེ། བརྡ་སྤྲོད། གསོ་རིག་སོགས་མང །
    སྐད་ཆ་དྲང་མོ་བཤད་ན་རྗེས་ལུས་ཀྱི་སྤྱི་ཚོགས་བོད་པ་ཚོར་གཞི་ནས་གློག་རྡུལ་ཚིག་མཛོད་བེད་སྤྱོད་བྱེད་རྒྱུ་བྱུང་བ་རེད། དེང་སང་གློག་ཀླད་རིག་པ་ས་ཁྱབ་རྡོ་ཁྱབ་དུ་འགྲོ་སྐབས་ད་དུང་ང་ཚོས་ལག་པས་ལག་པ་སྐྱོར་ནས་བསྡད་ཡོད་པ་རེད། སྤྱི་ཚོགས་ཀྱི་འཕེལ་འགྱུར་ཧ་ཅང་མགྱོགས་པས་རྒྱལ་ཁབ གཞན་པ་ཚོས་རང་སྐད་དུ་གློག་ཀླད་རིགས་ལོ་རེར་གསར་བ་དང་ཇེ་རྒྱས་སུ་བཏང་ཡོད། ང་ཚོའི་ལག་པ་ད་དུང་སྟོང་བ་ཡིན། འདི་ཅི་ཕྱིར་ཡིན་ནམ། ང་ཚོའི་སྙིང་རྗེ་ཆེ་བས་སེམས་ཅན་དོན་ལ་གཞོལ་བས་འདི་མ་མཐོང་བ་ཡིན་ནམ།
    ཉེ་ཆར་ན་གཞོན་གང་མང་ཞིག་གིས་བོད་ཡིག་བེད་སྤྱོད་མེད་པའི་སྐད་ཆ་བཤད་བཞིན་ཡོད། དེ་ཅི་ཡིན་ནམ།