ཞི་བདེའི་གཟེངས་རྟགས་འདི་ང་ལ་ཇི་ལྟར་ཐོབ་བམ།

སྲིད་འཛིན་ཨོ་བྷ་མ་མཆོག་ནོར་ཝེ་རུ་ཁོང་གི་ཞི་བདེའི་གཟེངས་རྟགས་བཞེས་པར་ཕེབས་རྒྱུ་རེད། ཡིན་ཡང་། ཁོང་གིས་གཟེངས་རྟགས་བཞེས་པའི་གསུང་བཤད་སྐབས་སུ་གཟེངས་རྟགས་འདི་ཁོང་ལ་ཐོབ་འོས་མིན་གྱི་འགལ་འདུའི་ལྟ་ཚུལ་སྐོར་ཐད་ཀར་དུ་གསུང་རྒྱུ་རེད་ཟེར།

ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་ལོ་འདིའི་ཕྱི་ཟླ་ ༡༠ པའི་ནང་དུ་སྲིད་འཛིན་ཨོ་བྷ་མ་མཆོག་ལ་གཟེངས་རྟགས་འདི་འབུལ་རྒྱུ་ཐག་བཅད་ཅིང་། ཁོང་ལ་ཞི་བདེའི་གཟེངས་རྟགས་འཐོབ་དོན་ནི། ཁོང་གིས་རྒྱལ་སྤྱིའི་འབྲེལ་ལམ་དང་མི་རིགས་ཁག་གི་བར་མཉམ་འབྲེལ་སྔར་ལས་ཇེ་ལེགས་སུ་གཏོང་བར་དམིགས་བསལ་གྱི་སྐུ་ལས་སྐྱོན་ཡོད་པའི་རྐྱེན་གྱིས་ཡིན་པར་བཤད།

ཨ་རིའི་གཞུང་འབྲེལ་མི་སྣ་དག་གིས་སྲིད་འཛིན་མཆོག་གིས་ཁོང་གི་བྱ་བཞག་དང་གཟེངས་རྟགས་འདི་གཉིས་ཀྱི་བར་དུ་འགལ་འདུ་ཞིག་ཡོད་པ་མཁྱེན་ཡོད་པར་བཤད།

སྲིད་འཛིན་ཨོ་བྷ་མ་མཆོག་ལ་ལོ་འདིའི་ཞི་བདེའི་གཟེངས་རྟགས་འདི་ཐོབ་པ་ཁྱབ་བསྒྲགས་བྱས་མ་ཐག་རྒྱལ་སྤྱིའི་སྟེང་ནས་རྣམ་འགྱུར་འདྲ་མིན་བསྟན་ཡོད་པ་རེད།

མང་པོ་ཞིག་གིས་འདི་ནི་ཨི་རག་དང་ཨབ་གྷན་ནང་དུ་དམག་འཁྲུག་རྒྱག་མཁན་གྱི་རྒྱལ་ཁབ་དེའི་དམག་སྤྱི་ཆེན་མོར་ཞི་བདེའི་གཟེངས་རྟགས་ཕུལ་བ་དང་འདྲ་བོ་འདུག་ཟེར་གྱིན་ཡོད།

ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ རོ་བྷར་ཌི་ གྷེབ་སུ་ ལགས་ཀྱིས། སྲིད་འཛིན་ཨོ་བྷ་མས་ཁོང་ཉིད་ནི་ནེལ་སོན་མན་ཌ་ལ་དང་། ཡུམ་ཆེན་ཊེ་རེ་ས། ད་དུང་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་སྐྱེས་ཆེན་དེ་དག་དང་བསྡུར་ནས་གླེང་ན་མི་འགྲིག་པར་ངོས་འཛིན་བྱེད་ཀྱིན་འདུག་ཟེར་ལ། སྲིད་འཛིན་ཨོ་བྷ་མ་མཆོག་གིས་ཕྱི་ཚེས་ ༡༠ ཉིན་ཞི་བདེའི་གཟེངས་རྟགས་འདི་བཞེས་པའི་གསུང་བཤད་སྐབས་སུ། ཞི་བདེའི་གཟེངས་རྟགས་འཐོབ་པའི་དུས་ཚོད་དང་ཁོང་གིས་དམག་མི་འཕར་སྣོན་བྱས་པའི་བར་གྱི་འགལ་འདུའི་བསམ་ཚུལ་འདི་ཐད་ཀར་དུ་གསུང་རྒྱུ་རེད་ཅེས་ཀྱང་ཟེར།

ཨ་རིའི་མཐོ་རིམ་དཔོན་རིགས་ཤིག་གིས་རོའུ་ཊར་གསར་ཁང་ལ་བརྗོད་དོན། སྲིད་འཛིན་ཨོ་བྷ་མས་གཟེངས་རྟགས་འདི་ནི་ཞི་བདེའི་ལས་དོན་ཐད་ཕྱོགས་གང་ཐད་ནས་ནུས་པ་འདོན་མཁན་དག་གི་བྱས་རྗེས་ལ་དམིགས་ནས་ཕུལ་བའི་ལོ་རྒྱུས་རིང་པོ་ཞིག་ཡོད་པ་དེ་མཁྱེན་ཡོད་ལ། ཁོང་གིས་རང་ཉིད་ལ་ཞི་བདེའི་གཟེངས་རྟགས་འདི་ཕུལ་བའི་རྒྱུ་མཚན་གཅིག་ནི་ཁོང་ཉིད་ལ་དམིགས་པ་ཙམ་མིན་པར། འཛམ་གླིང་ཁྱོན་ཡོངས་སུ་ཨ་རིའི་དབུ་ཁྲིད་རྣམ་དག་ཅིག་དགོས་པའི་ལྟོགས་སྐོམ་ཆེན་པོ་དེའི་དབང་གིས་ཡིན་པར་ཡིད་ཆེས་བྱེད་ཀྱིན་འདུག་ཟེར།

དེ་རིང་ཨོ་སུ་ལོ་རུ་བདེ་འཇགས་སྲུང་སྐྱོབ་ཀྱི་རྣམ་པ་ཤིན་ཏུ་དམ་པོ་ཡིན་ཞིང་། དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་དག་ནོ་སྦེལ་གཟེངས་རྟགས་འབུལ་བའི་མཛད་སྒོ་འཚོགས་སའི་ཕྱི་རོལ་ཏུ་འཛོམས་ཡོད་ལ། ཨ་ན་ཁ་ར་རོ་འབོད་པ་ཞིག་གིས་ཧྥ་རན་སིའི་གསར་ཁང་ལ་བརྗོད་དོན། ང་ཚོས་ཁོང་ནི་ཞི་བདེའི་སྐྲུན་མཁན་གྱི་མི་ཞིག་ལ་མཐོང་གི་མེད་ལ། ཁོང་གིས་གཟེངས་རྟགས་འདི་བཞེས་རྒྱུ་ཡིན་སྟབས་ང་ཚོས་ངོ་རྒོལ་བྱེད་ཀྱིན་ཡོད་ཟེར།

བསྐྱར་བཅོས།: ༢༠༡༦/༠༡/༠༦

Leave a Reply

11 thoughts on “ཞི་བདེའི་གཟེངས་རྟགས་འདི་ང་ལ་ཇི་ལྟར་ཐོབ་བམ།

  1. མི་ནག་ཚང་ལུང་རིགས་རྒྱལ།

    གྲོགས་པོ་ལགས། ད་ནི་མང་པོ་བཤད་འདོད་མི་འདུག བཤད་ཀྱང་ཆོ་ཡང་མི་འདུག བོད་པ་ཚོར་ཡང་འགྲེལ་བཤད་བརྒྱབས་ན་མ་གཏོགས་ལྟ་ཚུལ་གཞན་པ་རེ་འཁྱེར་ཡོང་གི་འདུག ངས་གོང་དུ་བཤད་ཡོད། དེ་རིང་ནི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་རེད། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་ཉིན་མོ་ཡང་རེད། ད་ལོར་ཨ་རིའི་སྲིད་འཛིན་ཨོ་བྷ་མར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་རེད། གཞིས་ལུས་བོད་མི་མང་པོ་ཞིག་སྨྲ་བརྗོད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་། མི་རིགས་རང་ཐག་རང་གཅོད་བཅས་ཀྱི་ཆེད་དུ་བཙོན་དུ་ཚུད་ཡོད། རྒྱུ་མཚན་འདི་ཙམ་ལ་བརྟེན་ནས་རྒྱ་གཞུང་གིས་ཁོང་ཚོར་སྲོག་ཁྲིམས་གཅོད་ཀྱིན་ཡོད། གནད་དོན་འདི་དག་དེ་རིང་མི་གླེང་བར་ག་དུས་གླེང་དགོས་པ་རེད

  2. དྲ་གྲོགས་ཚོ་སྲིད་ཨོ་བྷ་མ་མཆོག་ནོར་ཝེ་རུ་ཁོང་གི་ཞི་བདེའི་གཟེངས་རྟགས་བཞེས་སར་ངེས་པར་དུ་ཕེབས་རྒྱུ་རེད། དེ་ལ་འཛམ་གླིང་གི་ཐོག་གིས་མི་མཁས་པ་མང་པོའི་བལྟ་ཚུལ་མི་འདྲ་བ་ཡོད་སྲིད། གང་ལྟར་ཡང་ང་ཚོ་བོད་མི་སྐྱབས་བཅོལ་བ་ཚོ་ལ་དེའི་ཐད་ནས་ལས་འགན་ཆེར་མེད། དེ་བས་རང་ཉིད་དང་པོ་འགྲོ་བ་མི་ཐོབ་ཐང་ཡོད་པར་བྱས་ནས། ད་གཟོད་མིའི་སྐད་ཆ་དང་འཛམ་གླིང་གི་སྐོར་གླེང་མོལ་བྱས་ན་མི་ལེགས་སམ། དེ་མིན་བོད་ཀྱི་གཏམ་དཔེར། སྦལ་བ་ན་དོང་ནང་ནས།
    སེམས་པ་གླིང་དཀར་སྟོད་ལ་འཛིན། ཞེས་པ་དང་མི་མཚུངས་སམ།

  3. མི་ནག་ཚང་ལུང་རིགས་རྒྱལ།

    ཁོང་གི་གཏམ་བཤད་ནང་དུ་ཚིག་ཐག་ཆོད་པ་ཅི་ཡང་མི་འདུག ཕལ་ཆེ་བ་ཁོང་གི་ཐུགས་རེ་གཞིར་བཟུང་གིས་འཛམ་གླིང་འདི་ཞི་བདེར་བསྒྱུར་ཐབས་དེ་རེད།

    མ་གཞི་ནས་དམག་འཁྲུག་འདི་འདྲ་ཞིག་གི་སྐབས་སུ་ཚིག་ཐག་ཆོད་པ་ཞིག་གསུང་རྒྱུ་ཁག་པོ་རེད།

  4. མི་ནག་ཚང་ལུང་རིགས་རྒྱལ།

    བརྙན་འཕྲིན་ཐད་གཏོང་གི་སྐབས་སུ་པར་པ་དེས་ཁ་ཆེའི་ཞ་མོ་དཀར་པོ་གྱོན་མཁན་ཞིག་གི་སྟེང་ལ་པར་མཁུ་ཐེངས་འགར་བསྟན་སོང་། ག་རེ་ཡིན་པའི་ཁུལ་རེད།