རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ལས་འཛིན་པ་གཞོན་པ་དང་། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་ལྷན་ཚོགས་ཞེས་པའི་ཚོགས་གཙོ། བོད་རིགས་རྒན་རབས་པ་ང་ཕོད་ངག་དབང་འཇིགས་མེད་མཆོག་སྐུའི་སྙུང་གཞི་ཞིག་གི་དབང་གིས་དེ་རིང་ཕྱི་དྲོའི་པེ་ཅིན་གྱི་ཆུ་ཚོད་ ༤ དང་སྐར་མ་ ༥༠ སྟེང་རྒྱ་ནག་པེ་ཅིན་ནས་སྐུ་གྲོངས་ཡོད་ཅིང་། ད་ལོ་ཁོང་དགུང་གྲངས་ ༡༠༠ ལ་སླེབས་ཡོད་འདུག
དེ་རིང་ཕྱི་དྲོའི་ཆུ་ཚོད་ ༧ སྟེང་རྒྱ་ནག་དབུས་གསར་འགྱུར་མཉམ་སྒྲོག་ལས་ཁུངས་ནས་ང་ཕོད་ངག་དབང་འཇིགས་མེད་མཆོག་སྐུ་གྲོངས་པའི་སྐོར་གསལ་བསྒྲགས་བྱས་པ་དང་ལྷན་དུ་ཁོང་གི་འདས་པའི་ལས་གནས་རགས་ཟིན་ཞིག་བཀོད་པའི་ནང་། རླབས་ཆེ་བའི་རྒྱལ་གཅེས་རིང་ལུགས་པ། སྤྱི་ཚོགས་བྱེད་སྒོ་པ་གྲགས་ཅན། བོད་རིགས་མི་དམངས་ཀྱི་སྐྱེས་བུ་ཕུལ་དུ་བྱུང་བ། རང་རྒྱལ་མི་རིགས་ལས་དོན་གྱི་དབུ་ཁྲིད་མཆོག་ཏུ་གྱུར་པ། ཀྲུང་གོ་གུང་ཁྲན་ཏང་གི་སྙིང་ཉེ་བའི་གྲོགས་པོ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ་བཅས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲང་གཞོན་པ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་གསུམ་པ། བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ་བཅས་ཀྱི་རྒྱལ་ཡོངས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་བློ་མཐུན་ང་ཕོད་ངག་དབང་འཇིགས་མེད་ལགས་སྙུང་གཞི་བཞེས་ནས་ ༢༠༠༩ ལོའི་ཟླ་བ་ ༡༢ པའི་ཚེས་ ༢༣ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་དང་སྐར་མ་ལྔ་བཅུ་ལ་པེ་ཅིན་དུ་སྐུ་གཤེགས་ཤིང་། དགུང་ལོ་བརྒྱ་ཐམ་པར་འཚོ་བཞེས་གནང་ཡོད་པ་རེད། ཅེས་བཀོད་འདུག