སྐད་ཡིག་མྱུར་སྐྱོབ།

ཟླ་འདིའི་ཚེས་ ༢༧ ཉིན་ཨ་དར་བསྟན་པའི་རྒྱལ་མཚན་གྱིས་གཙོ་སྒྲུབ་འོག ༼ སྐབས་དང་པོའི་ཤར་ཙོང་ཁའི་བོད་སྐད་ཡིག་མྱུར་སྐྱོབ་བགྲོ་གླེང་ཚོགས་འདུ ༽ གནའ་མཁར་ཟི་ལིང་གྲོང་ཁྱེར་གྱི་ཡུན་ལུང་གསོལ་ཁང་ཆེན་མོ་ཞེས་པར་ཚོགས་ཡོད་པ་དང་། ཚོགས་ཐོག་དེར་མཚོ་སྔོན་དགེ་ཐོན་སློབ་གྲྭའི་སློབ་དཔོན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་དང་ངྷི་ཚ་དགོན་པའི་དགེ་བཤེས་མུན་འཇོམས་སྒྲོན་མེ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཀུན་དགའ། བོད་ཀྱི་སྐད་ཡིག་དྲ་ཚིགས་ཀྱི་གཙོ་སྒྲུབ་པ་ཕག་མོ་ཚེ་བརྟན་དང་རིག་ཐུབ། མཚོ་སྔོན་སྤྱི་ཚོགས་ཚན་རིག་གླིང་གི་འགྱན་སངས་རྒྱས་དོན་འགྲུབ། ནུབ་བྱང་མི་རིགས་སློབ་ཆེན་གྱི་འབུམ་རམས་པ་གདུགས་དཀར་བཀྲ་ཤིས། བོད་ཀྱི་བུད་མེད་རྩོམ་པ་པོ་དང་གཞས་མ་གྲགས་ཅན་འཇམ་དབྱངས་སྐྱིད། ན་གཞོན་རྩོམ་པ་པོ་དང་དྲ་ཚིགས་དོ་དམ་པ་སེང་རྡོར་སོགས་ཞུགས་ཡོད་ལ། དེ་བཞིན། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་དང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་དགེ་ཐོན་སློབ་ཆེན་བཅས་ཀྱི་ཞིབ་འཇུག་སློབ་མ་དང་དངོས་གཞིའི་སློབ་མ། གཞན་ཤེས་ཡོན་སྡེ་ཚན་ཁག་སྐུ་ཚབ་བཅས་སྐྱ་སེར་ལྔ་བཅུ་ལྷག་ལྷན་བཞུགས་ཐོག ཆེད་ལས་མཁས་པ་རྣམ་པས་ཕྱོགས་སོ་སོའི་རིག་གནས་ཀྱི་ཟུར་མི་འདྲ་བ་ནས་ལྟ་ཚུལ་སྣ་ཚོགས་བཏོན་ཏེ། ཙོང་ཁའི་རྒྱུད་ཀྱི་བོད་སྐད་ཡིག་རིག་གནས་ཀྱི་འདས་པའི་ཉམས་ཆག་གི་རིམ་པ་དང་། ད་ལྟའི་སྐྱ་ཆད་སྔོ་སྡུག་གི་གནས་བབ། འབྱུང་འགྱུར་སླར་གསོ་དང་འཕེལ་རྒྱས་སུ་ཇི་ལྟར་གཏོང་བའི་ཐབས་ལམ་བཅས་ལ་ཁོད་ཡངས་པའི་བགྲོ་གནང་གནང་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

3 thoughts on “སྐད་ཡིག་མྱུར་སྐྱོབ།

  1. འདན་སྲས་ཐུ་བོ།

    བཙན་བྱོལ་བ་ནི་གཞིས་ལུས་བོད་མིའི་སྙིང་སྟོབས་དང་ལྷག་བསམ་ལ་ཡིད་སྨོན་འདྲ་ཤོར་ནས་སྡོད་པ་ལས་གཞན་གང་ཡང་བསམ་མི་ཕོད་པ་དང་བྱེད་མི་ཕོད་པའི་མིའི་ཁྱུ་ཚོགས་ཤིག་རེད་མི་འདུག་གམ།
    ངས་བལྟས་ན་དེ་ལྟར་རེད་འདུག གལ་སྲིད་དེ་ལྟར་མིན་ན་རང་དབང་ལུང་པ་འདིར་རང་གི་མི་རིགས་ཀྱི་རྩ་དོན་དང་རང་གི་སྐད་རིགས་ཀྱི་ཆེད་དུ་ལས་འགུལ་གནད་དུ་ཁེལ་བ་རེ་མི་བྱེད་པར་སོས་དལ་བག་ཡངས་ཀྱི་ངང་ནས་དུས་འདའ་བར་བྱེད་པ་འདི་ཅིའི་ལན་པ་རེད།
    གཞིས་ལུས་བོད་མིས་ལས་འགུལ་གནད་དུ་ཁེལ་བ་རེ་བྱེད་ཚེ་ཡིད་སྨོན་ཙམ་ཤོར་བས་གང་ཡང་མི་ཕན་པ་་ཤེས་པར་བྱས་ན་ལེགས་པར་སེམས།

  2. གཅན་བཟོད་རྒྱམ།

    རྒྱ་ཡིག་གནམ་ལ་བཏགས། བོད་ཡིག་ལག་ཏུ་བཟུང་འདུག་པ་ནི། རྒྱས་དབང་འཛིན་འོག་ནས་བོད་ཡིག་ལག་ལེན་དུ་བསྟར་རོགས་ཟེར་བ་འདྲ་བའི་ཚོར་བ་ཞིག་སྐྱེས་སོང་།
    ཁྱེད་རྣམ་པའི་ལས་གཞི་དགོངས་དོན་ལྟར་འགྲུབ་པར་སྨོན།

  3. དབུས་ཕྲུག་ཚེ་རིང་།

    སྙིང་སྟོབས་དང་ལ་ཞེན་ཅན་གྱི་མི་འདི་ཀོ་རིག་དུས། ངོ་མ། སེམས་པ་དགའ་ལྷང་ལྷང་དང་། དྲོ་སོབ་སོབ་ཅིག་ལོས་བྱེད།