ང་ཕོད་ཀྱི་བུ་མོས་རང་གི་ཕའི་མི་ཚེ་ལ་ཕངས་སེམས་སྐྱེ་དགོས་དོན་ཅི་ཡང་མེད་ཅེས་བརྗོད་ཡོད་འདུག
ཁ་སང་སྟེ་ཕྱི་ཚེས་ ༢༨ ཉིན། ང་ཕོད་ངག་དབང་འཇིགས་མེད་མཆོག་གི་སྐུ་ཕུང་པེ་ཅིང་ནོར་བརྒྱད་རི་བོའི་གསར་བརྗེའི་སྤྱི་བའི་བང་སོར་ཞུགས་འབུལ་ཞུས་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་ཅང་ཙེ་མིན། ཝུའུ་པང་ཀོ ཝུན་ཅཱ་པའོ། ཅ་ཆིང་ལིན། ལི་ཁྲང་ཁྲུན། ཞི་ཅིན་ཕེང་། ཧོ་ཀུའི་ཆང་། ཀྲུའུ་ཡུང་ཁང་སོགས་ནོར་བརྒྱད་རི་བོར་ཡོང་ཡོད་པར་མ་ཟད། མགོ་ཁྲིད་འདི་དག་གིས་དཔུང་རྟགས་ནག་པོ་བཏགས་ཏེ་ཁོང་ལ་མྱ་ངན་ཞུས་པ་དང་ཁོང་གི་སྐུ་མཆེད་རྣམས་ལ་འཚམས་འདྲི་གནང་ཡོད་འདུག
ང་ཕོད་ངག་དབང་འཇིགས་མེད་མཆོག་སྐུ་གྲོངས་རྗེས་རྒྱ་གཞུང་གིས། རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ་དང་། སྤྱི་ཚོགས་ཀྱི་མཛད་སྒོ་གནང་མཁན་གྲགས་ཅན། བོད་རིགས་མི་དམངས་ཀྱི་བུ་ཕུལ་བྱུང་། རང་རྒྱལ་མི་རིགས་ལས་དོན་གྱི་ཁྱད་དུ་འཕགས་པའི་འགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་གི་མཛའ་མཐུན་གྲོགས་པོ་ཞིག་མེད་པར་གྱུར་སོང་ཞེས་བརྗོད་ཀྱིན་ཡོད་ལ། ཁོང་གི་བུ་མོ་ཡིན་པར་མ་ཟད་ཁོང་གི་དྲུང་ཡིག་ཀྱང་ཡིན་པའི་བུ་མོ་ང་ཕོད་ཚེ་དབང་ལགས་ཀྱིས། རང་གི་ཕའི་མི་ཚེ་ལ་ཕངས་སེམས་སྐྱེ་དགོས་དོན་ཅི་ཡང་མེད་ཅེས་བརྗོད་ཡོད།
ཕྱི་ཚེས་ ༢༤ ཉིན་ཀྲུང་གོའི་སྐད་སྒྲའི་ ༼ གསར་འགྱུར་འཕྲེད་གཞུང་། ༽ འབོད་པས་ང་ཕོད་ཀྱི་བུ་མོར་བཅར་འདྲི་བྱས་སྐབས། གསར་འགོད་པས། ང་ཕོད་ངག་དབང་འཇིགས་མེད་ལགས་ནི་མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་ཐད་ལ་མཛད་རྗེས་བླ་ན་མེད་པ་བཞག་མྱོང་བའི་རླབས་ཆེའི་ཕུལ་བྱུང་མི་སྣ་ཞིག་ཡིན་ཞིང་། གོ་ཐོས་ལྟར་ན་ ༡༩༥༡ ལོར་ང་ཕོད་ངག་དབང་འཇིགས་མེད་པེ་ཅིང་དུ་ཕེབས་ནས་ཆིངས་ཡིག་དོན་ཚན་བཅུ་བདུན་པར་མིང་རྟགས་འགོད་སྐབས། ཁྱེད་ནི་ཁོང་གིས་འཁྲིད་འོང་པའི་བྱིས་པ་གཅིག་པུ་ཡིན་པས། སྐབས་ཐོག་དེར་ཁྱེད་རང་ལོ་ན་ག་ཚོད་ཡིན་ལགས། ཁྱེད་ཀྱིས་དེའི་ཕྱོགས་ཀྱི་གནས་ཚུལ་ཙམ་གླེང་ན་གང་འདྲ་འདུག་ཅེས་དྲིས་པའི་ལན་དུ་ཁོ་མོས། སྐབས་ཐོག་དེར་ང་རང་ལོ་ན་བཞི་ལྔ་ཙམ་ཡིན་ཞིང་། སྐབས་དེའི་གནས་ཚུལ་ད་ལྟ་དྲན་འཛིན་ཡུལ་དུ་ཅི་ཡང་མི་སྣང་། ད་ལྟ་དྲན་པ་ནི་ཡབ་ཡུམ་ཟུང་དང་ལྷན་དུ་པེ་ཅིང་ལ་ཡོང་བ་དེ་ཡིན། དེ་ནས་པེ་ཅིང་དུ་སློབ་གཉེར་བྱས་ཏེ་རིམ་གྱིས་དྲིན་ཆེན་ཕ་ལོ་ཁོང་ཉིད་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་ཞིག་གི་ནང་ཞུགས་མྱོང་པ་གཞི་ནས་རྟོགས་སོང་། དེ་ནི་པེ་ཅིང་དུ་བོད་ཞི་བའི་བཅིངས་འགྲོལ་གཏོང་བའི་ཆིངས་ཡིག་དོན་ཚན་བཅུ་བདུན་པར་མིང་རྟགས་འགོད་པར་ཞུགས་པ་དེ་རེད་ཅེས་བརྗོད་འདུག་ལ། མཇུག་མཐར་ཁོ་མོས་རང་གི་ཕའི་མི་ཚེ་ལ་ཕངས་སེམས་སྐྱེ་དགོས་དོན་ཅི་ཡང་མེད་ཅེས་བརྗོད་ཡོད་འདུག