༧པཎ་ཆེན་རིན་པོ་ཆེ་ནི་ཧ་ལས་པའི་སྙིང་སྟོབས་དང་བློ་ཁོག་ཡོད་པ། ཆོས་ཕྱོགས་ནས་བསྟན་པའི་མཛད་རྗེས་མཛད་པ་དང་ཆབས་ཅིག་བོད་སྤྱི་པའི་དོན་དུ་ཞེ་དྲག་གི་ཐུགས་ཁུར་བཞེས་མཁན་ཞིག་དང་། བདེན་པའི་འཐབ་རྩོད་ནང་མིག་དཔེར་འོས་པ་ཞིག་རེད་ཅེས་༧གོང་ས་མཆོག་གིས་གསུངས་ཡོད།
ཟླ་འདིའི་ཚེས་ ༣༠ ཉིན་ནི་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་བ་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་དགོངས་པ་གཞན་དོན་དུ་གཤེགས་ནས་མི་ལོ་ཧྲིལ་བོ་ ༢༠ འཁོར་བའི་མྱ་ངན་དུས་དྲན་གྱི་ཉིན་མོ་ཡིན་ལ། ཉིན་དེར་གདན་ས་བཀྲ་ཤིས་ལྷུན་པོ་དགོན་གྱི་གོ་སྒྲིག་འོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཁོང་ཉིད་དགོངས་པ་གཞན་དུ་གཤེགས་ནས་མི་ལོ་ ༢༠ འཁོར་བར་མྱ་ངན་རྗེས་དྲན་གྱི་མཛད་སྒོ་འཚོགས་ཡོད། མཛད་སྒོ་མ་འཚོགས་པའི་སྔོན་དེར་བྱེས་ཀྱི་བཀྲ་ཤིས་ལྷུན་པོ་དགོན་པས་༧གོང་ས་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞུས་ཡོད། མཛད་སྒོའི་སྟེང་༧གོང་ས་མཆོག་དང་བཀའ་བློན་ཁྲི་པ་རྣམ་གཉིས་གཙོས་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པ་དང་། སེར་སྐྱ་མི་མང་སྟོང་ཕྲག་བརྒལ་བ་འདུ་འཛོམས་བྱུང་ཡོད།
བཀྲ་ཤིས་ལྷུན་པོ་དགོན་གྱི་མཁན་པོ་བཀའ་ཆེན་བློ་བཟང་ཚེ་བརྟན་མཆོག་གིས་༧པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་སྐུ་ཚེ་ཧྲིལ་བོའི་རིང་བོད་མི་རིགས་དང་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རླབས་ཆེ་ཞིང་། ལོ་རྒྱུས་ཀྱིས་དུས་ནམ་ཡང་བརྗེད་མི་སྲིད་པའི་གལ་ཆེའི་མཛད་རྗེས་ཁག་ཅིག་མི་མང་ལ་ངོ་སྤྲོད་གསུང་བཤད་གནང་བ་དང་། ༧པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ནི་སངས་རྒྱས་བསྟན་པ་དང་བོད་འབངས་རྣམས་ཀྱི་ཆེད་དུ་དུས་ཚོད་གཉན་འཕྲང་ཅན་དེར་བསམ་བཞིན་བྱོན་པའི་སྐྱེ་བོ་དམ་པ་ཞིག་དང་། ཐུན་མོང་བའི་སྣང་ངོར་ཡང་བདེན་དོན་ཆེད་རང་ཉིད་ཀྱི་སྐུ་སྲོག་ལ་ཡང་ལྟོས་མེད་གཡོ་འགུལ་སྤུ་ཙམ་མེད་པའི་དམ་བཅའ་བཙན་པ། མཁྱེན་པ་དང་ཐུགས་ནུས་འགྲན་ཟླ་བྲལ་ཞིང་ཐུགས་བག་ཡངས་པ། ཕྱི་ཚུལ་སྐུ་དྲག་ལ་ནང་དུ་བྱམས་སེམས་ཆེ་ཞིང་། འཚོ་བ་ངན་ངོན་གྱིས་ཆོག་པ། མཛད་པ་ཅི་ཞིག་བསྐྱངས་ཀྱང་མཐར་འཁྱོངས་དང་གསར་བཏོད་ཀྱི་ཐུགས་གཤིས་ཡོད་པ་ཞིག་ཡིན། ཞེས་ཁོང་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་སྐོར་གསུངས་པ་དང་། ༧པཎ་ཆེན་རིན་པོ་མཆོག་གིས་ལྷ་སའི་སྨོམ་ལམ་སླར་གསོ་གནང་སྐབས་ཁྲོམ་བསྒྲགས་སུ་གསུངས་པའི་བཀའ་སློབ་ཀྱི་སྙིང་དོན་ནི། ༧གོང་ས་མཆོག་མྱུར་བར་རང་གི་སྐྱོང་ཡུལ་བོད་གངས་ཅན་ལྗོངས་སུ་ཞབས་སོར་འཁོད་ནས་ལྷ་སའི་སྨོན་ལམ་ལ་སོགས་པའི་གཙོ་མགོན་གནང་རྒྱུ་ཡོང་བའི་ཐུགས་རེ་གནང་ཡོད། དེ་ནི་༧ཀུན་གཟིགས་མཆོག་ཙམ་མ་ཟད། གཞིས་ལུས་བོད་མིའི་དུས་ད་ལྟའི་བར་གྱི་སེམས་ནང་གི་འབོད་སྒྲ་གཅིག་པུ་དེ་ཡིན་ནའང་། དོན་དེ་༧ཀུན་གཟིགས་མཆོག་སྐུ་འཚོ་བཞུགས་རིང་བསྒྲུབས་ཐུབ་པ་བྱུང་མེད་པས། གོ་སྐབས་འདི་བརྒྱུད་དེ་༧གོང་ས་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བསྟན་ཅིང་། རང་གི་སྐྱོང་ཡུལ་གངས་ཅན་ལྗོངས་སུ་མྱུར་བར་ཞབས་སོར་འཁོད་པའི་གསོལ་འདེབས་ཞུ་རྒྱུ་ཡིན་ཞེས་སོགས་གསུངས་ཡོད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས། ༧པཎ་ཆེན་རིན་པོ་ཆེ་མཆོག་ནི་ནང་བསྟན་ཆོས་ལུགས་ཀྱི་དབུ་འཛིན་ཞིག་ཡིན་པ་མ་ཟད། བསྟན་འགྲོའི་བདེ་སྐྱིད་དོན་དུ་སྐུ་ངལ་བརྒྱ་ཕྲག་ཧུར་བཞེས་ཀྱིས་ཞིམ་མེད་ཀྱི་འཐབ་རྩོད་དང་། ལྷག་པར་བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ལ་གསབ་ཐབས་བྲལ་བའི་བཀའ་དྲིན་བསྐྱངས་མཁན་གྱི་དཔའ་བོ་ཞིག་ཡིན། ཞེས་རིན་པོ་ཆེ་ཁོང་བོད་མི་རིགས་ལ་མཚོན་ན་ཇི་འདྲའི་བརྗེད་དཀའ་ཞིང་། ཁོང་གི་བཀའ་དྲིན་ནམ་ཡང་གསབ་ཐབས་བྲལ་བའི་སྐོར་གསུངས་ཡོད་ལ། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས། ༧པཎ་ཆེན་སྐུ་གོང་མ་མཆོག་ཆབ་སྲིད་ཀྱི་གནས་བབ་ཛ་དྲག་ཡིན་པའི་སྐབས་སུ་སྐུ་གཤེགས་པ་ཡིན་སྟབས། འདས་པའི་ལོ་ལྔ་བཅུའི་རིང་གི་བོད་མི་རིགས་ཀྱི་བྱུང་རབས་ནང་རླབས་ཆེན་གྱི་མཛད་རྗེས་ཡོད་པའི་སྙིང་སྟོབས་ཅན་གྱི་སེམས་དཔའ་ཆེན་པོ་གཞན་དང་མི་འདྲ་བ་ཞིག་ཏུ་ཕེབས་པ་དང་། ཁོང་གི་སྐུ་ཚེའི་མཛད་འཕྲིན་ཡོངས་སུ་མ་རྫོགས་པའི་སྔོན་ཏེ། སྐུ་ན་གཞོན་གཞོན་དུས་ནས་དགོངས་པ་གཞན་དོན་དུ་གཤེགས་དགོས་པ་དེ་ཡང་ཕྱོགས་གཅིག་ནས་བོད་མི་མང་གི་སྤྱི་མཐུན་བསོད་ནམས་ཀྱིས་མ་ལྕོགས་པ་དང་། ཕྱོགས་གཞན་ནས་སྐུ་སྲོག་བློས་གཏོང་གནང་བ་དེ་ཡང་བོད་ཀྱི་སྐྱེ་འགྲོ་དང་ཆབ་སྲིད་ཀྱི་དོན་རླབས་ཆེན་ཞིག་འགྲུབ་ཡོད། ད་ལྟ་ང་ཚོས་དེ་ཤེས་ཀྱི་མེད་ནའང་། འབྱུང་འགྱུར་གྱི་བྱུང་རབས་ནང་རིམ་གྱིས་གསལ་ཡོང་བ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། དམ་པ་ཁོང་གི་མཛད་རྗེས་མུ་མཐུད་སྐྱོང་བ་དང་ལྷག་པར་དུ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་མཛད་པ་འཕྲིན་ལས་རྒྱས་ཆེད་ང་ཚོས་ཕྱོགས་ཀུན་ནས་བོད་སྤྱི་མཐུན་གྱི་བསོད་ནམས་གསོག་པར་སྔར་ལས་ལྷག་པར་ཤུགས་སྣོན་རྒྱག་དགོས་པ་རེད་ཅེས་གསུངས་ཡོད།
ཉིན་དེར་༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། དེ་རིང་འདིར་བསྟན་འཛིན་གྱི་སྐྱེ་བོ་དང་། བོད་མི་རིགས་ཀྱི་བདེན་དོན་རྩོད་པའི་དཔའ་བོ་ཆེན་པོ་༧པཎ་ཆེན་སྐུ་ཕྲེང་བཅུ་བ་ཁོང་རྐྱེན་ངན་དེ་ལྟ་བུ་ཞིག་གི་འོག་ནས་སྐུ་མྱ་ངན་ལས་འདས་ཏེ་ལོ་ ༢༠ འཁོར་བའི་དུས་དྲན་གནང་བཞིན་པ་རེད། རིན་པོ་ཆེ་ཁོང་ད་ལྟ་ད་དུང་སྐུ་འཚོ་བཞུགས་གནང་མུས་ཡིན་ཚེ། ང་ཚོ་ཕྱི་ལོགས་སུ་ཡོད་པ་དང་རིན་པོ་ཆེ་བོད་ནང་དུ་བཞུགས་ཏེ་ཐབས་ཤེས་གང་ཡོང་ཞིག་གནང་གཏན་འཁེལ་བ་རེད། དེར་བརྟེན་གང་འཚམ་གྱིས་ནུས་པ་ཞིག་ཐོན་ཐུབ་ངེས་མོད་དེ་ལྟར་བྱུང་ཡོད་པ་མ་རེད། ཁོང་དགོངས་པ་གཞན་དུ་སྐུ་གཤེགས་པ་དེར་བློ་ཕངས་པོ་ཞེ་དྲག་བྱུང་ནའང་བྱེད་རྒྱུ་གང་ཡང་མི་འདུག་ཅེས་ཐུགས་ཕམ་གྱི་ངང་ནས་གསུངས་ཡོད།
ཡང་ཁོང་གིས་༧པཎ་ཆེན་རིན་པོ་ཆེ་ནི་ཧ་ལས་པའི་སྙིང་སྟོབས་དང་བློ་ཁོག་ཡོད་པ། ཆོས་ཕྱོགས་ནས་བསྟན་པའི་མཛད་རྗེས་མཛད་པ་དང་ཆབས་ཅིག་བོད་སྤྱི་པའི་དོན་དུ་ཞེ་དྲག་གི་ཐུགས་ཁུར་བཞེས་མཁན་ཞིག་དང་། བདེན་པའི་འཐབ་རྩོད་ནང་མིག་དཔེར་འོས་པ་ཞིག་རེད་ཅེས་དང་། ༡༩༧༨ ལོའི་ལོ་མཇུག་ཙམ་ལ་རྒྱལ་ལོ་དོན་གྲུབ་པེ་ཅིན་དུ་ཕེབས་ནས་ཏིན་ཞོ་ཕིང་དང་མཇལ་འཕྲད་གནང་སྐབས། ༧པཎ་ཆེན་རིན་པོ་ཆེར་མཇལ་རྒྱུ་བྱུང་འདུག་ལ། སྐབས་དེར་རིན་པོ་ཆེ་ཁོང་གིས་བཀའ་སློབ་ཟབ་ཅིང་རྒྱས་པ་གནང་བ་དང་རིན་པོ་ཆེ་ཁོང་གི་ལོ་རྒྱུས་དེ་ཚོ་གསུངས། དེའི་རྗེས་རིན་པོ་ཆེ་ཁོང་གི་སྐུ་གཟུགས་སྟོན་གནང་མཛད་པས་ཁོང་གི་སྐུ་གཟུགས་ལ་ཁྲིམས་ཆད་བཏང་བ་དང་ལྕགས་བརྒྱབས་པ་སོགས་ཀྱི་རྨ་རྗེས་ཡོད་པ་གཟིགས་འདུག སེམས་སྐྱོ་བོ་ཞེ་དྲག་རེད་ཅེས་སོགས་གསུངས་ཡོད།
གཞན་ཡང་། བོད་ནང་ཕེབས་མྱོང་མཁན་ཁག་ཅིག་གིས་བཙན་བྱོལ་དུ་ཡོད་པའི་བོད་མི་ལས་བོད་ནང་གི་བོད་མི་རྣམས་ལ་སེམས་ཤུགས་ཆེ་བ་དང་མི་རིགས་དང་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ཁ་ཞེ་གཉིས་མེད་རེད་ཅེས་གསུངས་མཁན་བྱུང་། ང་ཚོ་རང་དབང་ལུང་པར་བསྡད་ཡོད་པ་རེད་ལ་ཉིན་རེ་བཞིན་ཛ་དྲག་དང་རྔམ་སྐྲག་གི་ཚོར་བ་དེ་ཡོད་པ་མ་རེད། བོད་ནང་གི་མི་དག་ལ་ཉིན་རེ་བཞིན་ཛ་དྲག་གི་ཚོར་བ་དང་མྱོང་བ་དེ་ཡོང་བསྡད་ཀྱི་ཡོད་པ་རེད། དེར་བརྟེན་སེམས་ནང་སོ་སོའི་མི་རིགས་ཀྱི་ལྟ་བ་དང་མི་རིགས་ཀྱི་ཐོབ་ཐང་རྩོད་པའི་སེམས་ཤུགས་དེ་ཉིན་མ་རེ་རེ་བཞིན་གསོན་པོ་བྱས་ནས་བསྡད་ཡོད་པ་ཞིག་དང་། ང་ཚོ་རང་དབང་ལུང་པའི་ནང་ཡོད་མཁན་ཚོས་དེ་ལྟ་བུའི་ཛ་དྲག་གི་གནས་ཚུལ་མཐོང་གི་ཡོད་པ་མ་རེད། ང་ཚོས་འདིར་སོ་སོའི་ལྟོ་གོས་མ་གཏོགས་ཆེ་ས་ནས་བསམ་བློ་མ་འཁོར་བ་ཡོང་གི་ཡོད་སྟབས། དེ་ནི་ནོར་འཁྲུལ་རེད། ད་ལྟ་ང་ཚོ་རང་དབང་ལུང་པའི་ནང་དཀའ་ངལ་མེད་པའི་བཟོ་འདྲ་བོ་ཡོད་ཀྱང་། ང་ཚོ་ཚང་མ་བོད་པ་དང་བོད་རིགས། གངས་ཅན་པ་ཟེར་བ་དེ་ཆགས་བསྡད་ཡོད་སྟབས། བོད་ནང་གི་གནས་སྟངས་དེ་སེམས་ནས་མ་བརྗེད་པ་བྱ་དགོས་ལ། བོད་ནང་གི་བོད་མི་ཚོས་དཀའ་ལས་བརྒྱབས་པ་དག་ང་ཚོ་ཐུན་མོང་གི་བསྒྲུབ་བྱ་རེད་མ་གཏོགས་ཁོང་ཚོ་ཤི་མཁན་རྣམས་ཀྱི་ཁེ་ཕན་མ་རེད། དེ་དུས་ནམ་ཡང་མ་བརྗེད་པར་བྱས་ཏེ་ང་ཚོར་ནམ་ཡང་ལས་འགན་ཞིག་ཡོད་བསམ་པ་དང་། ལས་འགན་དེ་ངོས་ཟིན་པའི་ཐོག་ནས་དེ་བསྒྲུབ་པའི་ཐབས་གཙོ་བོ་ཤེས་བྱ་ཡོན་ཏན་དང་ལྷག་བསམ་དགོས་པ་རེད་ཅེས་སོགས་གསུངས་ཡོད།