བོད་མི་འདུས་སྡོད་ཀྱི་ས་གནས་གང་སར་དཔེ་མཛོད་ཁང་ཕྱེ་རོགས། བོད་མི་རྒན་གཞོན་ཚང་མས་བོད་སྐད་གཙང་མ་བཤད་རོགས། སློབ་གྲྭའི་དགེ་ལས་རྣམས་ཀྱིས་དམིགས་བསལ་གྱི་ཐུགས་འགན་བཞེས་ཏེ་སློབ་གྲྭའི་ནང་དུ་རྒྱུན་གཏན་ཡིག་སྐད་བེད་སྤྱོད་གཏོང་རོགས་ཞེས་ཤེས་རིག་ཚོགས་ཆེན་ཐོག་གྲོས་ཆོད་དང་བཅས་ཕེབས་ཡོད།
ཕྱི་ཚེས་ ༢༧ ནས་ ༢༩ ཉིན་བར་སྐོང་ཚོགས་གནང་བའི་ཤེས་རིག་ཚོགས་ཆེན་སྟེང་སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་སློབ་གསོ་སྤེལ་བའི་ཐད་ལེགས་བཅོས་དང་ཡར་རྒྱས་གཏོང་སྒོ་ཇི་ཡོད་དང་དབྱིན་ཇིའི་སྐད་ཡིག་དང་དེང་རབས་སློབ་ཚན་ཁག་སློབ་འཁྲིད་གནང་ཕྱོགས་ཡར་རྒྱས་དང་ལེགས་བཅོས་གཏོང་ཐབས། ཀུན་སྤྱོད་སློབ་གསོ་སོགས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་དེང་རབས་རྒྱལ་སྤྱིའི་ལྟ་གྲུབ་ལམ་སྲོལ་དང་མི་འགལ་བར་ལེགས་བཅོས་དང་ཡར་རྒྱས་གཏོང་སྒོ་ཇི་ཡོད། དེ་བཞིན་༧གོང་ས་མཆོག་གི་བཀའ་དགོངས་ལྟར་དེང་ལུགས་རིགས་གཅིག་རྐང་འཛིན་སློབ་གཉེར་སྤེལ་ཐབས་དང་ཁྱད་མཁས་མི་སྣ་གསོ་སྐྱོང་གནང་ཕྱོགས་བཅས་གྲོས་གཞི་དེ་དག་གི་ཐད་བགྲོ་གླེང་གོ་བསྡུར་གནང་མཐར་གྲོས་གཞི་ཁག་གཏན་འབེབས་གནང་འདུག
ཐེངས་འདིའི་ཚོགས་ཆེན་གྱི་གྲོས་ཆོད་ཁག་ཅིག་དམིགས་བཀར་གྱིས་བཏོན་ན། ༡༽ བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ཆ་ཚང་བ་བོད་མིའི་སློབ་གྲྭ་ཡོངས་ནས་ལག་བསྟར་ཡོང་བར་ཚོགས་ཆེན་འདི་ཉིད་བརྒྱུད་འབོད་སྐུལ་ཤུགས་ཆེན་ཞུ་རྒྱུ་དང༌། སྲིད་བྱུས་ནང་གསལ་དགེ་རྒན་གྱི་ལས་འགན་དང་བྱེད་སྒོ་ཁག་སློབ་དགེ་སོ་སོས་གོ་རྟོགས་དང་ལག་ལེན་འཐུས་གཙང་ཡོང་སླད། སློབ་ཁག་སོ་སོའི་ནང་ཤེས་ཡོན་སྲིད་བྱུས་སློབ་སྦྱོང་དང་བགྲོ་གླེང་གི་ལས་རིམ་གང་མང་སྤེལ་རྒྱུ། དེ་བཞིན་བོད་གཞུང་ཤེས་རིག་ལས་ཁུངས་ནས་ནུས་ཤུགས་ཅི་ཡོད་ཀྱིས་སྲིད་བྱུས་ནང་གསལ་བའི་དགོས་མཁོའི་ཆ་རྐྱེན་དང་ལས་རིམ་ཁག་འཐུས་གཙང་ལག་བསྟར་ཡོང་ཐབས་གནང་དགོས། ༢༽ བོད་སློབ་འཛིན་ཚོགས་ཁོངས་སུ་བོད་དགེ་གཏན་འཇགས་གསར་བསྐོ་མི་ཐུབ་པ་དང༌། འཛིན་རིམ་བརྒྱད་པ་བར་ལ་བོད་ཡིག་སློབ་མཁན་ཟུར་དུ་མེད་པ། གཞི་རིམ་འོག་མའི་སློབ་ཁྲིད་བརྒྱུད་ལམ་བོད་ཡིག་ཡིན་སྟབས་སློབ་གྲྭ་དེ་དག་གི་དགེ་ཆེ་བོད་རིགས་བསྐོ་ཐབས་བཅས་ཀྱི་ཐད་ཤེས་རིག་ལས་ཁུངས་ནས་ཇི་དགེའི་ཐབས་ཤེས་གནང་རྒྱུ། ༣༽ ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བོད་མིའི་སྤྱི་ཚོགས་ཁྲོད་གོ་རྟོགས་ཚུལ་བཞིན་ཡོང་ཐབས་སླད་ཤེས་རིག་ལས་ཁུངས་ནས་འགྲེལ་བརྗོད་དང་དྲིལ་བསྒྲགས་ཤུགས་ཆེར་བྱ་རྒྱུ། ༤༽བོད་མི་རྒན་གཞོན་ཚང་མས་དུས་རྒྱུན་དུ་བོད་སྐད་གཙང་མ་བཀོལ་སྤྱོད་བྱ་རྒྱུ་ལས། བོད་སྐད་ནང་བསྲེས་ལྷད་མི་ཡོང་བའི་འབོད་སྐུལ་དང༌། ཁྱད་པར་དུ་སློབ་གྲྭའི་དགེ་ལས་རྣམས་ཀྱིས་དམིགས་བསལ་ཐུགས་འགན་བཞེས་ཏེ་སློབ་གྲྭའི་ནང་རྒྱུན་གཏན་ཡིག་སྐད་བེད་སྤྱོད་གང་ཐུབ་བྱ་དགོས།
༥༽ བོད་མི་སྤྱི་དང་སློབ་གྲྭ་ཁག་ནང་ཤེས་ཡོན་སྲིད་བྱུས་དར་སྤེལ་གཏོང་ཆེད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་ཉམས་མྱོང་དང་གྲུབ་འབྲས་ཇི་བྱུང་སློབ་ཁག་གཞན་ལ་སྤེལ་ཐབས་བྱ་རྒྱུ། ༦༽ སློབ་གྲྭ་སྤྱི་དང་ཁྱད་པར་གཞི་རིམ་བར་མ་དང་གོང་མའི་ནང་བོད་ཡིག་སློབ་ཚན་གྱི་ཚོགས་ཐེངས་སྤར་ཆ་གནང་རྒྱུ་དང༌། བོད་ཡིག་དགེ་རྒན་རྣམས་བོད་ཡིག་གི་སྦྱོང་བརྡར་ཚད་ལྡན་ཐོན་པ་ཤ་སྟག་ཡིན་དགོས།
༧༽ ཤེས་ཡོན་སྲིད་བྱུས་དང་མཐུན་པའི་རང་རིགས་དགེ་རྒན་ཚད་ལྡན་བསྐོ་བཞག་དགོས་པའི་རྨང་གཞིའི་ཐོག དབྱིན་ཡིག་གི་སློབ་ཚན་རྣམས་དབྱིན་སྐད་གཙོར་བཟུང་གིས་སློབ་སྤེལ་དགོས་རྒྱུ། དེ་ཡང་སློབ་གྲྭའི་ནང་དབྱིན་སྐད་དེ་ཉིད་སྐད་ཡིག་གཉིས་པའི་ཚུལ་དུ་སློབ་པའི་ཁོར་ཡུག་བསྐྲུན་ཏེ་འབྲི་ཀློག་བརྗོད་གསུམ་ཡ་མ་བྲལ་བར་སློབ་སྟོན་ཚད་ལྡན་གནང་རྒྱུ། ༨༽ སློབ་གྲྭ་ཁག་གི་སློབ་ཕྲུག་ཚོའི་སྒོ་གསུམ་གྱི་སྤྱོད་པ་ཡ་རབས་དང་ལྡན་པ་འབྱུང་ཆེད་སྤྱི་ཚོགས་དང་ཕ་མ། སློབ་གྲྭ་བཅས་ཕྱོགས་ཚང་མས་ཐུགས་སྣང་སྔར་ལྷག་ཆེར་བསྐྱེད་དགོས་རྒྱུའི་ནང་ཚན། སྐབས་བབ་སློབ་གྲྭའི་དགེ་རྒན་ལས་བྱེད་རྣམ་པས་རྒྱུན་དུ་རང་རང་གི་སྤྱོད་ཚུལ་སློབ་ཕྲུག་གི་མིག་དཔེར་འོས་པ་གནང་དགོས་རྒྱུ། ༩༽ གཞི་རིམ་སློབ་གྲྭའི་སློབ་ཡུན་རིང་སློབ་མ་ཚོར་ལག་ཐོགས་ཁ་པར་དང༌། ལག་ཐོགས་ཀམ་པུ་ཊར། གློག་བརྙན་ལྟ་ཆས། གླུ་གཞས་ཉན་ཆས་སོགས་བཀག་སྡོམ་དོ་ནན་བྱ་རྒྱུ་དང༌། ས་གནས་འགོ་འཛིན་བརྒྱུད་ཕ་མ་ཚོར་ཡང་འབོད་སྐུལ་ནན་པོ་བྱ་རྒྱུ། དེ་བཞིན་འཛིན་གྲྭ་དང་སློབ་གྲྭའི་ལས་རིམ་སྐབས་སུ་དགེ་ལས་རྣམས་ནས་ཀྱང་གློག་ཆས་དེ་རིགས་སྤྱོད་ཐལ་མེད་པ་དགོས་རྒྱུ། ༡༠༽ མྱོས་རྫས་ལྐོག་སྤྱོད་བྱེད་མཁན་མི་འབྱུང་ཆེད་སློབ་གྲྭའི་འཛིན་སྐྱོང་དང་དགེ་ལས་ཚང་མས་རྒྱུན་དུ་སློབ་གྲྭའི་སློབ་ཕྲུག་དང༌། ཁོར་ཡུག་ཚང་མར་ལྟ་རྟོག་ཞིབ་ནན་དགོས་ཐོག ཅི་སྟེ་མྱོས་རྫས་སྤྱོད་མཁན་ཐོན་ཚེ་ཆོས་དགེ་དང་འཕྲོད་བསྟེན་ལས་བྱེད། མདུན་ལམ་སློབ་སྟོན་པ་སོགས་ཚང་མས་ཐུགས་ཁུར་བཞེས་ཏེ་སློབ་གསོ་གོ་བསྐོན་སོགས་ཐབས་ལམ་གང་འོས་གནད་སྨིན་སྤྱོད་རྒྱུ། སློབ་ཕྲུག་གི་ལུས་སེམས་ལ་དཀའ་ངལ་འཕྲད་ཚེ། བདེ་སྡུག་ཞུ་ས་དང་ལམ་སྟོན་ཞུ་ཡུལ་ཁྱད་ལས་པ་རེ་རིམ་པས་སློབ་གྲྭ་ཆེ་ཁག་ཚང་མར་བསྐོ་འཛུགས་ཐུབ་ཐབས་གནང་རྒྱུ། ༡༡༽ སློབ་གྲྭའི་དགེ་རྒན་སྤྱི་དང་ལྷག་པར་མདུན་ལམ་སློབ་སྟོན་པའི་ངོས་ནས་རིགས་གཅིག་རྐང་འཛིན་པ་ཡོང་སླད། གཞི་རིམ་འོག་མ་ནས་སློབ་ཕྲུག་གི་གནས་ཚད་དང༌། འཇོན་ཐང༌། རིག་སྟོབས་སོགས་ལ་གཞིགས་པའི་ལམ་སྟོན་ཤུགས་ཆེར་གནང་རྒྱུ་དང༌། འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཕྲུག་རྣམས་ལ་ཁུངས་སོ་སོ་ནས་མཐོ་སློབ་དང་ལས་རིགས་ཐོག་བསྐྱོད་པའི་མཐུན་རྐྱེན་བསྐྲུན་རྒྱུ་མ་ཟད། དེའི་སླད་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་བོད་མིའི་སློབ་གྲྭ་ཡོངས་ལ་ཁྱབ་ཐུབ་པའི་མདུན་ལམ་སློབ་སྟོན་པ་འདང་ངེས་གསར་འཛུགས་དགོས་རྒྱུ་དང༌། སློབ་གྲྭ་ཆེ་ཁག་ཚང་མའི་ནང་དུའང་མདུན་ལམ་སློབ་སྟོན་དགེ་རྒན་བསྐོ་བཞག་ཡོང་ཐབས་དགོས་རྒྱུ། ༡༢༽ རྒྱ་གར་མཐོ་སློབ་དྲག་གྲས་ཁག་ཏུ་རང་རེའི་བོད་ཕྲུག་ཚོར་རིགས་གཅིག་རྐང་འཛིན་སློབ་གཉེར་གྱི་ས་མིག་གང་མང་ཐོབ་ཐབས་གནང་རྒྱུ་མ་ཟད། སྤྱི་ཚོགས་ཀྱི་དགོས་མཁོ་ལ་གཞིགས་ཏེ། སློབ་ཕྲུག་རྣམས་ཆུང་དུས་ནས་དགའ་མོས་ཡོད་པའི་སློབ་ཚན་ཐོག་དམིགས་བསལ་གསོ་སྐྱོང་བྱ་དགོས། ༡༣༽ སྲོལ་རྒྱུན་རིག་གཞུང་གི་བསྟི་གནས་ཁང་ཝཱ་ཎ་མཐོ་སློབ་དང༌། ས་རཱ་མཐོ་སློབ། བོད་གཞུང་ཟློས་གར། སྨན་རྩིས་ཁང་སོགས་སུ་སློབ་བསྡུའི་གྲངས་འབོར་མང་དུ་གཏོང་ཐབས་འབོད་སྐུལ་ཞུ་རྒྱུ་སོགས་ཚུད་ཡོད་པ་རེད། གོང་གསལ་གྱི་གྲོས་ཆོད་ཁག་ནི་ཁྱོན་གྲོས་ཆོད་ ༤༠ ཡོད་པ་ལས་དབྱེ་གསེས་ཀྱིས་བཀོད་ཡོད་ལ། དེ་བཞིན་ཚོགས་ཆེན་སྟེང་སྤྱི་སྨན་དགོངས་འཆར་བྱུང་བ་ཁག་ནི། ༡། བོད་མི་གནས་ཡུལ་ས་གནས་ཁག་ཏུ་སྤྱི་སྤྱོད་དཔེ་མཛོད་ཁང་གང་མང་བཙུགས་ཏེ་བོད་མིའི་སྤྱི་ཚོགས་ནང་དཔེ་དེབ་ལྟ་ཀློག་གི་གོམས་གཤིས་བཟང་པོ་རིམ་འཇགས་གནང་ཐབས་གནང་གལ། ༢། བོད་མིའི་སློབ་གྲྭ་ནང་ཁུལ་ཕན་ཚུན་ཉམས་མྱོང་སྤེལ་རེས་ཆེད་སློབ་གྲྭ་ཕན་ཚུན་གྱི་སློབ་དགེ་བརྗེ་ལེན་གྱི་ལས་རིམ་སྔར་ལྷག་གནང་ཐབས་གནང་གལ། ༣། ཤེས་ཡོན་གྱི་ལས་དོན་ཐད་ཕ་མས་འཁུར་འགན་སྔར་ལྷག་ཆེར་སྐྱེད་ཡོང་ཐབས་དང༌། ཕ་མའི་བསམ་འཆར་ཤེས་རྟོགས་སླད་མ་འོངས་པར་ཤེས་རིག་ཚོགས་ཆེན་ནང་ཕ་མའི་འཐུས་མི་ངོ་ཕེབས་སམ། ཡང་ན་ས་གནས་སོ་སོའི་ཕ་མའི་དགོངས་འཆར་བསྡུ་རུབ་གནང་ཐབས་གནང་གལ་ཆེན་ཡིན་ཚུལ་སོགས་ཀྱི་དགོངས་འཆར་གནང་ཡོད་པ་རེད།