༧གོང་ས་མཆོག་གིས་མའོ་ཕྱོགས་ཁག་ལ་དྲག་སྤྱོད་ཀྱི་ལས་འགུལ་མི་སྤེལ་རྒྱུའི་འབོད་སྐུལ་ཞུས་ཡོད་འདུག
ཚེས་ ༡༡ ཉིན་ ANI དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་༧གོང་ས་མཆོག་གིས་མའོ་ཕྱོགས་ཁག་ལ་འབོད་སྐུལ་ཞིག་གནང་ཡོད་པའི་ནང་དྲག་སྤྱོད་ཀྱི་ལས་བྱེད་པ་དེ་གནད་དོན་ཐག་གཅོད་བྱ་རྒྱུའི་ཐབས་ལམ་ཞིག་མ་རེད་ཅེས་དང་། ངོས་ཀྱིས་ཁ་སྔོན་ནས་བཤད་པ་བཞིན་དྲག་སྤྱོད་སྤེལ་རྒྱུ་དེ་དཀའ་ངལ་སེལ་རྒྱུའི་ཐབས་ལམ་ཡང་དག་ཅིག་མ་རེད་ལ་དྲག་སྤྱོད་ཀྱི་ཐབས་ལམ་བརྟེན་པ་དེ་ནོར་འཁྲུལ་རེད་ཅེས་ཚེས་ ༡༡ ཉིན་གནམ་ཐང་ནས་ཆིབས་ཐོན་སྐབས་གསར་འགོད་པའི་དྲི་བར་བཀའ་ལན་བསྩལ་ཡོད་འདུག
ཨོ་རི་ས་མངའ་སྡེའི་དྲག་སྤྱོད་མང་སའི་རྫོང་ Gajapati རུ་ཆིབས་ཐོན་མ་གནང་བའི་སྐབས་༧གོང་ས་མཆོག་གིས་མའོ་ཕྱོགས་ཁག་གིས་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་མཚམས་བཞག་སྟེ། གདོད་མའི་རྒྱ་གར་གྱི་འཚེ་མེད་ཞི་བའི་ལམ་ཕྱོགས་སུ་བསྐྱོད་དགོས་ཅེས་དང་། འཚེ་མེད་ཞི་བ་ནི་དཀའ་ངལ་རིགས་ཐག་གཅོད་བྱ་རྒྱུའི་ཐབས་ལམ་གཅིག་པུ་དེ་ཡིན། ང་ཚོས་འཚེ་མེད་ཞི་བའི་ལམ་ནས་དཀའ་ངལ་སེལ་ཐབས་བྱ་དགོས་རྒྱུ་དང་གྲོས་བསྡུར་དང་ཕན་ཚུན་གཉིས་ཕན་གྱི་ཐོག་ནས་གནད་དོན་ཐག་གཅོད་དགོས་ལུགས་གསུངས་ཡོད་པ་རེད།
ཕྱི་ཚེས་ ༡༡ ཉིན་༧གོང་ས་མཆོག་གི་ཆིབས་སྒྱུར་མགོ་མ་བཙུགས་གོང་དུ། ཨོ་རི་ས་མངའ་སྡེའི་ Korapu ཁོ་རཱ་ཕོ་ཞེས་པའི་རྫོང་དེར་མའོ་ཕྱོགས་ཁག་གིས་ཡུལ་མི་ཚོང་པ་ ༢ བསད་ཡོད་འདུག