ང་ཚོས་ཞབས་འདེགས་སྒྲུབ་ཡུལ་དེ་བོད་པ་གཅིག་པུ་མིན་པར་ང་ཚོ་ཆོས་བརྒྱུད་གཅིག་པ་ཡིན་བསྡད་པ་དང་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་ཡོད་བསྡད་མཁན་ཚང་མར་མཐུན་རྐྱེན་སྦྱོར་རྒྱུ་དང་རེ་འདོད་བསྐང་ཐུབ་པར་བྱ་རྒྱུ་དེ་རེད་ཅེས་༧གོང་ས་མཆོག་གིས་གསུངས་ཡོད།
ཕྱི་ཚེས་ ༡༢ ཉིན་ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ཀྱི་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་དགོན་པའི་བླ་མ་ནམ་མཁའ་རིན་པོ་ཆེ་གཙོས་པའི་དགེ་སྤྲུལ་འཇིགས་མེད་རིན་པོ་ཆེ་དང་དགེ་འདུན་པ་རྣམ་པ་དང་། དེར་ཡོད་ས་གནས་གཞུང་འབྲེལ་གྱི་ལས་ཁུངས་ཁག་གི་མི་སྣ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་མི་དང་ས་གནས་མི་མང་བཅས་ཀྱི་ཕེབས་བསུའི་ཁྲོད་༧གོང་ས་མཆོག་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་དགོན་པའི་སློབ་དཔོན་པདྨའི་གཙུག་ལག་ཁང་གི་བཞུགས་ཁྲིར་ཞབས་སོར་བཀོད་དེ་གཙུག་ལག་ཁང་གསར་བཞེངས་ལེགས་འགྲུབ་ཀྱི་དབུ་འབྱེད་རབ་གནས་དང་དཔེ་མཛོད་ཁང་ལ་གཟིགས་ཞིབ་གནང་གྲུབ་རྗེས་དེར་ཡོད་དགེ་འདུན་པ་གཙོས་པའི་མི་དམངས་ལ་བཀའ་སློབ་གནང་དོན། ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པར་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་བསྒྲུབ་དགོས་པ་ཞིག་རེད། ཁྱེད་རང་ཚོའི་འདིར་མཁན་པོ་མང་པོ་ཞིག་ཕེབས་ཏེ་འཆད་ཉན་གྱི་ལས་ལ་འབད་བཞིན་པ་དེ་ཡག་པོ་རེད། ཐུན་མོང་མ་ཡིན་པའི་ཆོས་བརྒྱུད་ཁག་གི་སྒྲུབ་ཆེན་ཁག་གསར་འཛུགས་གནང་རྒྱུ་དེའང་ཧ་ཅང་གལ་ཆེན་པོ་རེད་ལ། དེ་བཞིན་མཐུན་རྐྱེན་འཛོམས་པ་ཡིན་ན་སྒྲུབ་གྲྭ་ཁག་ཅིག་དང་བཤད་གྲྭ་ཁག་ཅིག་གསར་འཛུགས་གནང་ཐུབ་ན་ཡག་པོ་རེད། དངོས་གནས་ཚད་མ་དང་སྒྲུབ་པ་མཉམ་དུ་བྱུང་བ་ཡིན་ན། བསྟན་པའི་མིག་རྒྱན་རེད་ཅེས་གསུངས་པ་དང་། ཡང་༧གོང་ས་མཆོག་གིས། འདིར་བོད་རིགས་ཙམ་མ་ཡིན་པར་ཧི་མ་ལ་ཡའི་རི་བརྒྱུད་ནས་ཕེབས་པའི་གྲྭ་རྒྱུན་མང་པོ་ཡོད་པ་ཧ་ཅང་ཡག་པོ་རེད། ང་ཚོ་བོད་མི་ཚོ་ལུང་པ་བྲལ་ཏེ་བསྡད་ཡོད་པ་རེད། བོད་ནང་ལ་མཚོན་ན་ཆོས་ཟེར་དུས་སྐྱོན་བྱེད་པ་ཞིག་དང་རྗེས་ལུས་ཀྱི་རང་བཞིན་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་སྟབས། ཧ་ཅང་ཉག་ཕྲ་བའི་གནས་སུ་གྱར་ཡོད་པ་རེད། ཧི་མ་ལ་ཡའི་རི་བརྒྱུད་ཐེ་བའི་བལ་ཡུལ་དང་འབྲུག་བཅས་བོད་དང་ཆོས་བརྒྱུད་གཅིག་པ་ཆགས་བསྡད་ཡོད་སྟབས། ང་ཚོ་བོད་གཞུང་གི་སློབ་གྲྭ་ཁག་ཏུ་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་བོད་ཡིག་སྦྱང་འདོད་ཡོད་རིགས་ཚོར་མཐུན་རྐྱེན་སྦྱོར་དགོས་པའི་སྐོར་བཤད་བསྡད་ཡོད་པ་ལྟར། དགོན་པ་ཁག་ལ་མཚོན་ནའང་། རྩ་བའི་བོད་པ་མང་པོ་ཡོད་ཀྱང་ང་ཚོས་ཞབས་འདེགས་བསྒྲུབ་ཡུལ་དེ་བོད་པ་གཅིག་པུ་མིན་པར་ང་ཚོ་ཆོས་བརྒྱུད་གཅིག་པ་ཡིན་བསྡད་པ་དང་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་ཡོད་བསྡད་མཁན་ཚང་མར་མཐུན་རྐྱེན་སྦྱོར་ཐུབ་པ་ཞིག་བྱ་དགོས་པ་དང་རེ་འདོད་བསྐང་ཐུབ་པར་བྱ་རྒྱུ་དེ་ང་ཚོའི་ལས་འགན་རེད་ཅེས་བཀའ་སློབ་གནང་ཡོད་པ་རེད། ༧གོང་ས་མཆོག་གིས་བཀའ་སློབ་གནང་རྗེས། བཀའ་བློན་ཁྲི་པ་མཆོག་དང་ས་གནས་མགོ་འཛིན་བཅས་ཀྱིས་དེར་ཡོད་མི་མང་ལ་བཀའ་སློབ་གནང་བ་དང་། ཨོ་རི་ས་ཕུན་ཚོགས་གླིང་ལྷ་མོ་འཁྲབ་སྟོན་ཚོགས་པ་དང་བླང་དོར་ཚོགས་པ། རྒྱས་བཤད་ཚོགས་པ་གསུམ་གྱིས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་གནང་ཡོད་པར་མ་ཟད། དེར་ཡོད་རི་དགོན་ཐུབ་བསྟན་གླིང་དགོན་པ་གཙོས་ས་གནས་མང་ཚོགས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་གནང་ཡོད་པ་རེད།
རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་དགོན་པ་འདི་ཉིད་ནི་ ༡༩༦༨ ལོར་བོད་མིའི་གཞིས་ཆགས་ཕུན་ཚོགས་གླིང་གཞིས་གྲོང་བཞི་བའི་ས་གནས་མང་ཚོགས་ཀྱི་མོས་འདུན་ལྟར། རིག་གྲོལ་རིག་འཛིན་ཆོས་རྒྱལ་རིན་པོ་ཆེ་དང་གཏེར་སྟོན་ནམ་མཁའ་དྲི་མེད་རབ་འབྱམས་རིན་པོ་ཆེ་རྣམ་གཉིས་ཀྱིས་དཀའ་སྡུག་གི་ལོ་ཟླའི་ནང་འཛིན་སྐྱོང་སྤེལ་གསུམ་གྱིས་ཕྱག་ལས་གནང་བ་དང་། ༧གོང་ས་མཆོག་གིས་དགོན་པའི་མཚན་གནང་བ་ཞིག་ཡིན་ཞིང་། ད་ལྟ་དགོན་པའི་ནང་བླ་སྤྲུལ་རྣམ་གཉིས་གཙོས་པའི་དགེ་འདུན་པ་ ༢༠༠ ལྷག་ཡོད་པ་རེད།