བོད་རང་སྐྱོང་ལྗོངས་དམངས་འཐུས་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པའི་སྟེང་བོད་རང་སྐྱོང་དམངས་འཐུས་རྒྱུན་ལས་ཚོགས་གཙོ་ལེགས་མཆོག་དང་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་བྱམས་པ་ཕུན་ཚོགས་གཉིས་རྩ་དགོངས་སུ་གཏོང་བའི་གྲོས་འཆར་གྲོས་འཆམ་གཏན་འབེབས་བྱས་ཡོད་འདུག
ཉེ་སྔོན་རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་སུ་འབོད་པའི་སྲིད་འཛིན་ས་ཁོངས་ཀྱི་དམངས་འཐུས་དང་སྲིད་གྲོས་ཀྱི་ཚོགས་འདུ་གཉིས་སྔ་ཕྱིར་དུས་མཉམ་ལྟ་བུར་འཚོགས་ཡོད་ལ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པ་དེ་ཟླ་འདིའི་ཚེས་ ༡༠ ཉིན་ཚོགས་མགོ་ཚུགས་ཏེ་ཚེས་ ༡༥ ཉིན་མཇུག་བསྡུ་རྒྱུ་དང་། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པ་དེ་ཕྱི་ཚེས་ ༨ ཉིན་ནས་ཚོགས་མགོ་ཚུགས་ཏེ་ཚེས་ ༡༣ ལ་མཇུག་བསྡུ་བཞིན་པ་ལྟར། ཕྱི་ཚེས་ ༩ ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་འཆར་ཁག་ ༡༢ གཏན་འབེབས་བྱས་ཡོད་པའི་ནང་། གྲོས་འཆར་ ༧ དང་ ༨ པ་གཉིས་ནི། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་གཙོ་ལེགས་མཆོག་དང་། བོད་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་བྱམས་པ་ཕུན་ཚོགས་གཉིས་ལས་ཁུར་རྩ་དགོངས་ཞུ་རྒྱུའི་གྲོས་འཆར་ཁག་ཡིན་པ་དང་། ཕྱི་ཚེས་ ༡༢ ཉིན་གྲོས་འཆར་དེ་གཉིས་གྲོས་འཆམ་ཐག་གཅོད་བྱས་ཡོད། དེར་མ་ཟད་གྲོས་འཆར་ཁག་ ༥ ནི་ལས་གནས་འཕོ་ལེན་སྐོར་གྱི་གྲོས་འཆར་ཡིན་ལ། ཕྱི་ཚེས་ ༡༥ ཉིན་ཚོགས་འདུ་མཇུག་བསྡུའི་ཚུན་ཆད་དུ་ལས་ཚབ་མི་སྣ་འདེམས་བསྐོ་དང་། དེ་མིན་སྐབས་ ༡༡ པའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་འདེམས་ཐོན་བྱ་རྒྱུ་ཡིན་ལུགས་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་འདུག ལེགས་མཆོག་དང་བྱམས་པ་ཕུན་ཚོགས་ཀྱི་ལས་གནས་ཕྱིར་བསྡུ་བྱས་པའི་གནས་ཚུལ་ཐད་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་དང་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་རྒྱ་ཡིག་པར་ངོས་སུ་ “དམངས་འཐུས་དང་སྲིད་གཞུང་གི་ཆེས་མཐོའི་དཔོན་རིགས་རྩ་དགོངས་སུ་བཏང་སྟེ་བོད་རང་སྐྱོང་ལྗོངས་ཀྱི་མི་སྣའི་ལས་གནས་བརྗེ་སྤོར་བྱས་པ་” ཞེས་རྣོ་ངར་ཅན་གྱི་ཁ་བྱང་ཞིག་སྦྱར་ཡོད་པར་མ་ཟད། ཁོ་གཉིས་ཀྱི་ལས་གནས་རིམ་འཕར་གྱི་མི་ཚེ་ལོ་རྒྱུས་དང་བཅས་པ་བཀོད་འདུག གཞུང་འབྲེལ་གྱི་བོད་ཡིག་གསར་ལམ་ཁག་ཏུ་”ལེགས་མཆོག་དང་བྱམས་པ་ཕུན་ཚོགས་རྣམ་གཉིས་ཀྱིས་ལས་ཁུར་རྩ་དགོངས་ཞུས་པ་” ཞེས་གུས་ཉམས་དོད་པའི་ཁ་བྱང་ཞིག་སྦྱར་ཡོད་པ་རེད། ཡིན་ནའང་། ཁོ་གཉིས་ཀྱིས་རྩ་དགོངས་ཞུ་དགོས་པའི་གནད་དོན་ཅི་ཡིན་སྐོར་གསལ་ཁ་བཏོད་མི་འདུག
བོད་ཀྱི་གནད་དོན་སྐོར་ལ་ཆེད་གཉེར་དབྱེ་ཞིབ་གནང་མཁན་ཨ་རིའི་ཀོ་ལུམ་བྷེ་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་འབུམ་རམས་པ་ རོ་བྷེ་བྷར་ནིས་ཁྲི་ Robbie Barnett ཡིས་དབྱིན་ཇུའི་རོའི་ཊར་གསར་ཁང་དུ་བརྗོད་དོན། ལྷ་སར་བྱུང་བའི་དོན་རྐྱེན་དེ་ཡིས་སྲིད་གཞུང་གི་སྲིད་ཇུས་འཛིན་སྟངས་ལ་ནོར་འཁྲུལ་ལྡན་པ་གསལ་འདོན་བྱས་ཡོད། དེར་བརྟེན། མི་མང་པོས་འབྲེལ་ཡོད་དཔོན་རིགས་ཚོས་སྲིད་ཇུས་ཀྱི་ནོར་འཁྲུལ་ལས་བྱུང་བའི་ནག་ཉེས་དག་འགན་ལེན་བྱེད་དགོས་མིན་ཐད་གླེང་སློང་ཤུགས་ཆེན་པོ་ཡོང་གིན་ཡོད་པས་རེད་ཅེས་བརྗོད་ཡོད་འདུག
གཞིས་སྡོད་བོད་མི་ཞིག་གིས་དེའི་སྐོར་ལ་རང་ཉིད་ཀྱི་བསམ་ཚུལ་བརྗོད་དོན། བྱམས་པ་ཕུན་ཚོགས་དང་ལེགས་མཆོག་གཉིས་ལས་གནས་རྩ་དགོངས་བཏང་བ་དེ་འོས་འཚམ་ཞིག་ཡིན་སྲིད་མོད། འོན་ཀྱང་། ཀྲང་ཆིན་ལི་ཡི་གོ་གནས་སྔར་འཇགས་བཞག་པ་དེ་ཡིས་རྒྱ་གཞུང་གི་སྲིད་ཇུས་ནི་མི་རིགས་འདྲ་མཉམ་གྱི་སྲིད་ཇུས་ཤིག་མིན་པ་མངོན་གསལ་དོད་པོས་ཕྱི་རུ་མངོན་པ་ཞིག་རེད་ཟེར།
ལེགས་མཆོག་ནི་ཕྱི་ལོ་ ༡༩༤༤ ལོར་ལྷ་སའི་རྒྱང་རྩེ་ཁུལ་དུ་སྐྱེས་པ་དང་། ༡༩༧༢ ལོར་དམར་ཤོག་ཚོགས་པར་ཞུགས། ༢༠༠༨ ལོའི་ཟླ་ ༡ ཚེས་ ༢༢ ཉིན་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་དམངས་འཐུས་རྒྱུས་ལས་ཀྱི་འགན་འཛིན་ལ་ལས་གནས་སྤར་བ་དང་། ཟླ་ ༣ པའི་ནང་རྒྱ་ནག་རྒྱལ་ཡོངས་སྐབས་བཅུ་གཅིག་པའི་དམངས་འཐུས་ཀྱི་མི་རིགས་འཐུས་མིའི་འགན་འཛིན་གཞོན་པར་བསྐོས། ༢༠༡༠ ལོའི་ཟླ་ ༡ པའི་ནང་རྒྱ་ནག་དབུས་གཞུང་གིས་ཐག་གཅོད་ལྟར་ལས་གནས་ནས་རྩ་དགོངས་ཞུས་ཡོད།
བྱམས་པ་ཕུན་ཚོགས་ནི་ ༡༩༤༧ ལོར་ཆབ་མདོ་རུ་སྐྱེས་པ་དང་། ༡༩༧༤ ལོར་དམར་ཤོག་ཚོགས་པར་ཞུགས། ༢༠༠༨ ལོའི་ཟླ་ ༡ པའི་ཚེས་ ༢༢ ཉིན་བོད་རང་སྐྱོང་ལྗོངས་ས་གནས་སྲིད་གཞུང་གི་སྲིད་འཛིན་དུ་བསྐོས་པ་དང་། ཕྱི་ལོ་ ༢༠༡༠ ཟླ་ ༡ པོའི་ནང་ལས་གནས་རྩ་དགོངས་ཞུས་ཡོད།
ཀྲང་ཆིན་ལི་ནི་ ༡༩༥༡ ལོར་རྒྱ་ནག་ཧྲན་ཏུང་དུ་སྐྱེས། ༡༩༧༣ ལོར་དམར་ཤོག་ཚོགས་པར་ཞུགས། ༢༠༠༦ ལོའི་ཟླ་ ༡༠ པར་བོད་རང་སྐྱོར་ལྗོངས་དམར་ཤོག་སྐབས་བདུན་པའི་ཚོགས་ཆེན་ཐེངས་དང་པོའི་སྐབས་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་རུ་བསྐོ་འཐེན་བྱས། རྒྱ་ནག་དབུས་དམར་ཚོགས་སྐབས་བཅུ་དྲུག་པ་དང་སྐབས་བཅུ་བདུན་པའི་རྒྱ་ནག་དབུས་གཞུང་གི་རྒྱུན་ལས་འཐུས་མི། སྐབས་བཅུ་པའི་རྒྱལ་ཡོངས་འཐུས་ཚོགས་ཀྱི་འཐུས་མི་བཅས་ཡིན།
གཞན་ཡང་། དེ་སྔོན་རྒྱ་ནག་དབུས་གཞུང་གིས་ལས་གནས་འཕོས་ལེན་གྱི་བཀའ་ཁྱབ་བསྒྲགས་ཏེ་ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༡༢ པའི་ཚེས་ ༢༦ ཉིན་བློ་བཟང་ལྷུན་གྲུབ་རྡོ་རྗེ་རྒྱལ་ཡོངས་འཐུས་ཚོགས་ཀྱི་མི་རིགས་འཐུས་མིའི་རྒྱུན་ལས་ལ་བསྐོ་འཐེན་བྱས་ཡོད་པ་དང་། ཟླ་འདིའི་ཚེས་ ༦ ཉིན་པདྨ་འཕྲིན་ལས་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་གཞོན་པར་བསྐོ་འཇོག་དང་ལེགས་མཆོག་གི་ད་ཡོད་ལས་གནས་ཁག་སྟེ། བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་གཞོན་པ་དང་རྒྱུན་ལས། འཐུས་མི་བཅས་ཀྱི་ལས་འགན་ཕྱིར་བསྡུ་བྱས་ཡོད་པ་རེད། པདྨ་འཕྲིན་ལས་ཀྱིས་བོད་ཆོལ་ཁ་གསུམ་དུ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་བྱུང་རྗེས། ༢༠༠༨ ལོའི་ཟླ་ ༣ ཚེས་ ༢༧ ཉིན་ ༣.༡༤ དོན་རྐྱེན་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་སྐབས། ༣.༡༤ དོན་རྐྱེན་ནི་རྡུང་གཅོག་འཕྲོག་གསུམ་གྱི་དོན་རྐྱེན་ཞིག་ཡིན་པ་དང་། ཏཱ་ལའི་རུ་ཚོགས་ཀྱི་ལྐོག་ཇུས་ངན་གཡོ་ཡིན་པ་བདེན་དཔང་འདང་ངེས་ཡོད་སྐོར་གསར་འགོད་པར་བརྗོད་ཡོད་པ་རེད།
དེ་བཞིན་དུ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་ཁྱབ་བསྒྲགས་བྱས་པའི་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་། བོད་ཀྱིས་ ༢༠༡༠ ལོར་ལྗོངས་ཡོངས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཐོ་འགོད་དང་། སྤྲུལ་སྐུ་དང་གྲྭ་བཙུན་གྱི་ཐོབ་ཐང་ཐོ་འགོད་སྙན་ཞུའི་ལས་དོན་ལེགས་གྲུབ་བྱ་རྒྱུ་ཡིན་པ་དང་། ཁྲིམས་ལུགས་ལ་བརྟེན་ནས་ཆོས་ལུགས་ལས་དོན་ལ་དོ་དམ་བྱས་པ་དང་། དགོན་སྡེ་ཁག་ལ་ཁྲིམས་སྲོལ་དྲིལ་བསྒྲགས་སློབ་གསོའི་ལས་དོན་སྤེལ་ཏེ་ཆོས་ལུགས་བྱེད་སྒོ་གལ་ཆེན་ཁག་དང་ས་ཁུལ་བརྒལ་ནས་སྤེལ་བའི་ཆོས་ལུགས་བྱེད་སྒོ་ཁག་ལ་དོ་དམ་བྱ་རྒྱུ་ཡིན་ལུགས་བཀོད་ཡོད། ཕྱི་ཚེས་ ༦ ཉིན་ཆབ་མདོ་རུ་སྐོང་ཚོགས་བྱས་པའི་བོད་སྐྱོར་ལས་བྱེད་པའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་ཞེས་པ་འཚོགས་ཡོད་པ་དང་། ཁ་གཏད་བོད་སྐྱོར་ལས་བྱེད་པ་ཁག་དྲུག་པའི་གྲངས་འབོར་དེ་ཁག་ལྔ་པའི་མི་གྲངས་ ༨༥༠ ནས་མི་གྲངས་ ༡༠༠༠ བར་མང་དུ་བཏང་ཡོད་པ་རེད། དེ་ནི་ཁག་ལྔ་པ་དང་བསྡུར་ན་སྲིད་ཁྲིམས་དང་། འཐབ་ཕྱོགས་གཅིག་གྱུར། མི་རིགས་ཆོས་ལུགས། དྲིལ་བསྒྲགས་བཅས་ཀྱི་བོད་སྐྱོར་ལས་བྱེད་པའི་མི་གྲངས་མང་དུ་འཕར་ཡོད་པ་དང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀ་སྒྲུབ་མཁན་བོད་སྐྱོར་ལས་བྱེད་པ་ཟེར་བ་གཞི་རིམ་དུ་གཏོང་ཤུགས་ཆེ་རུ་གཏོང་ཆེད་རེད།