བསྟན་འཛིན་སྲི་ཞུ་ལགས་ཀྱི་གློག་བརྙན་༼མི་ལུས་ཕྱུར་པོ་ཆེ་༽ཞེས་པ་ལེགས་འགྲུབ་བྱུང་སྟེ་བོད་ལྕགས་སྟག་ལོའི་ལོ་སར་སྐབས་དགྲམ་རྒྱུ་རེད། མགོ་ལོག་ཟླ་བྷེ་དེའི་ནང་གི་འཁྲབ་སྟོན་པ་ཞིག་རེད།
ཕྱི་ཚེས་ ༡༣ ཉིན་གྱི་ངྷ་སའི་ནམ་ཟླ་ཧ་ཅང་གྲང་ཐོག ཞོགས་པའི་ཆུ་ཚོད་ ༨ དང་སྐར་མ་ ༢༠ ཙམ་ནས་ཆར་བ་འབབ་མགོ་བརྩམས་ཡོད། ཞོགས་པ་དེར་ལས་ཁུངས་སུ་འབྱོར་རྗེས་གློག་བརྙན་གསར་བ་ཞིག་གི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་འདུག་ཟེར་བས། ང་རང་ཆར་རླུང་ཁྲོད་ཁ་སྣ་གཉིས་ཀྱང་བཤུད་ལ་ཁད་ཀྱིས་གསར་འགོད་དུ་བསྐྱོད། གསར་འགོད་པ་འདུ་འཛོམས་བྱེད་ས་ནི་ངྷ་ས་ས་གནས་བདེ་དོན་ཚོགས་ཁང་ནང་རེད་ལ། ས་དེར་འབྱོར་རྗེས་ཉེ་ཆར་བོད་ནས་གསར་དུ་འབྱོར་བའི་མགོ་ལོག་ཟླ་བྷེ་ཡང་དེ་རུ་འབྱོར་འདུག་པས། ངས་གཞི་ནས་ཁོང་ཐེངས་འདིའི་གསར་འགོད་དང་འབྲེལ་བ་ཡོད་པ་རྟོགས།
ཆུ་ཚོད་ ༡༠ ཙམ་ལ་བོད་ཀྱི་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་སྲི་ཞུ་ལགས་ཀྱིས་ཐེངས་འདིའི་གསར་འགོད་གསལ་བསྒྲགས་དབུ་འཛུགས་གནང་བ་དང་། ཁོང་གིས་འདས་པའི་ཟླ་གཅིག་དང་ཟླ་ཕྱེད་རིང་འཁྲབ་ཁྲིད་བྱས་ཏེ་དུས་ཡུན་སྐར་མ་ ༤༥ ལྷག་ཡོད་པའི་ ༼ མི་ལུས་ཕྱུར་པོ་ཆེ་༽ ཞེས་པའི་གློག་བརྙན་ཞིག་འཁྲབ་སྟོན་ལེགས་འགྲུབ་བྱུང་ཞིང་། གློག་བརྙན་དེ་འདི་ལོའི་བོད་ལྕགས་སྟག་ལོའི་ལོ་སར་སྐབས་དང་བསྟུན་ནས་སྤྱི་ཚོགས་ཁྲོད་དངོས་སུ་དགྲམ་རྒྱུ་ཡིན་སྐོར་བརྗོད་སོང་། ཉིན་དེར་གློག་བརྙན་འཁྲབ་སྟོན་པ་གཙོ་གྲས་མགོ་ལོག་ཟླ་བྷེ་དང་བྱང་ཆུབ་ཤཱཀྱ་གཉིས་ཀྱང་ཕེབས་ཡོད།
བསྟན་འཛིན་སྲི་ཞུ་ལགས་ཀྱིས་ངོ་སྤྲོད་བྱས་དོན། མི་ལུས་ཕྱུར་པོ་ཆེ་ཞེས་པའི་དོན་ནི་མི་ཚེའི་ནང་མི་དགེ་བ་བཅུ་རྐྱང་རྐྱང་བྱེད་མཁན་ལ་གོ་དགོས་ཀྱི་འདུག་ལ། མི་ལུས་ཕྱིར་པོ་ཆེ་ཞེས་པའི་གློག་བརྙན་འདི་བརྒྱུད་ནས་དེང་རབས་བོད་ཀྱི་གཞོན་སྐྱེས་རྣམས་ལ་བསམ་བློའི་སློབ་གསོ་སྤྲོད་ཐུབ་པ་དང་། ཁོང་ཚོའི་བསམ་བློའི་ནང་འགྲོ་བ་མིའི་རིགས་ཀྱི་བྱམས་སྐྱོང་དང་བརྩེ་བ་ངོས་ཟིན་པར་མ་ཟད། དམིགས་བསལ་གྱིས་ཐ་མག་འཐེན་པ་དང་ཆང་རག་འཐུང་བ། ཐ་མག་ནག་པོ་དང་སྨྱོས་རྫས་རིགས་བེད་སྤྱོད་པ་སོགས་ལ་དམིགས་ཏེ་བཟོས་པ་ཞིག་ཡིན། དེ་བཞིན་གློག་བརྙན་འདི་ངྷ་སར་བཟོས་པ་ཡིན་ལ་དེ་ལྟར་ས་གནས་འདི་ནས་བཟོ་དོན། ངྷ་ས་ནི་ཕྱི་གླིང་བའི་ཡུལ་སྐོར་སྤྲོ་འཆམ་པ་མང་བོ་འདུ་འཛོམས་ཆེ་བའི་ས་གནས་ཤིག་རེད་ལ། ཁོང་ཚོའི་མང་བོ་ཞིག་ངྷ་སར་ངན་གོམས་དེ་དག་སྤོང་གི་ཡོང་ཡོད་ལ། འདིར་སླེབས་ནས་ཡར་རྒྱས་ཀྱང་འགྲོ་བཞིན་ཡོད་ནའང་། བོད་རིགས་གཞོན་སྐྱེས་ཚོས་ཁོང་ཚོའི་སར་ནས་སྦྱོང་གི་འདུག་པས་ཐོག་མར་དར་སྟངས་དེ་འདྲ་རེད། ཡང་མང་ཉུང་ལ་མ་ལྟོས་པར་བཙན་བྱོལ་གྱི་ས་གནས་ཁག་ཚང་མར་དེའི་རིགས་བེད་སྤྱོད་བྱེད་མཁན་གྱི་གཞོན་སྐྱེས་གང་འཚམ་ཡོད་སྟབས་ཁོང་ཚོའི་གནས་སྟངས་ལ་འཕོ་འགྱུར་ཡོང་བ་དང་། རྗེས་ཕྱོགས་དེའི་རིགས་བེད་སྤྱོད་མི་ཡོང་ཆེད་གློག་བརྙན་འདི་འཁྲབ་སྟོན་བྱས་པ་ཡིན་ཞེས་དང་། གློག་བརྙན་འདིའི་ནང་དུ་ཆབ་སྲིད་སྐོར་ཡང་ཅུང་ཙམ་ཡོད་ལ་དེ་ནི་གཙོ་བོ་བོད་རིགས་ནང་ཁུལ་དུ་ཕན་ཚུན་ལ་ཆོལ་ཁ་དང་ཆོས་ལུགས། ལུང་ཚན་ལྟ་བུའི་རྩོད་གླེང་མི་བྱེད་པར་མི་རིགས་མཐུན་སྒྲིལ་དང་རྡོག་རྩ་གཅིག་སྒྲིལ་ཡོང་ཆེད་ཡིན་སྐོར་སོགས་ཀྱང་འགྲེལ་བརྗོད་བྱས་ཡོད།
དེ་བཞིན་མི་ལུས་ཕྱུར་པོ་ཆེ་ཞེས་པའི་གློག་བརྙན་ནང་བསྔགས་པ་ཞིག་གི་འཁྲབ་ཚན་མི་ཉུང་བ་ཞིག་ཡོད་སྟབས། བོད་ནས་གསར་དུ་འབྱོར་མ་ཐག་པའི་མགོ་ལོག་ཟླ་བྷེའམ་སྣང་གསལ་སྐུ་རྒོད་ཁོང་གིས་ཐེངས་འདིའི་འཁྲབ་ཁྲིད་ནང་གལ་ཆེའི་ནུས་པ་ཐོན་ཡོད་ཅེས་མགོ་ལོག་ཟླ་བྷེས་གློག་བརྙན་འདིའི་ནང་གི་བསྔགས་པ་ཞིག་གི་འཁྲབ་ཁྲིད་མི་སྣ་གཙོ་བོ་བྱས་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད།
དེའི་རྗེས་མགོ་ལོག་ཟླ་བྷེ་ལགས་ཀྱིས་གློག་བརྙན་འདིའི་འཁྲབ་སྟོན་པ་བྱེད་དགོས་པའི་སྐོར་ལ་འགྲེལ་བརྗོད་གནང་དོན། ང་རང་ཉིད་ལ་མཚོན་ན་སྐྱབས་བཅོལ་དུ་འབྱོར་ནས་དུས་ཡུན་རིང་བོ་སོང་མེད་སྟབས་མི་རང་ཉིད་ཀྱི་བྱ་བའི་ལས་བྲེལ་ཧ་ཅང་ཆེ་ནའང་། མི་ལུས་ཕྱུར་པོ་ཆེ་ཞེས་པའི་གློག་བརྙན་འདིའི་ནང་དུ་འཁྲབ་སྟོན་བྱེད་དགོས་དོན་གླ་ཕོགས་དང་རང་གི་མཚན་སྙན་གྲགས་ཀྱི་ཆེད་དུ་མིན་པར། བོད་ནང་དུ་ཁ་ཤགས་དང་མཚར་གཏམ། གཞས་ཚིག་སོགས་གསར་རྩོམ་དང་འཁྲབ་སྟོན་བྱས་ཏེ་བོད་ཀྱི་སྒྱུ་རྩལ་པ་ཞེས་མིང་སྟོང་ཞིག་འཁུར་མྱོང་བས། བོད་ཕྱི་ནང་གང་དུའང་འཁྲབ་སྟོན་བྱེད་ཡུལ་རག་གི་ཡོད་ཀྱང་གཙོ་བོ་འཁྲབ་གཞུང་འདི་ང་ཚོའི་སྤྱི་ཚོགས་དང་མིའི་འགྲོ་བ། བོད་མི་རིགས་ལ་ཕན་ཐོགས་ཡོད་ཤག་ཤག་གི་ནང་དོན་ཕུན་སུམ་ཚོགས་པ་ལྡན་པ་ཞིག་ཡིན་སྟབས། འཁྲབ་སྟོན་པ་ཞིག་གི་ངོས་ནས་མི་རིགས་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་རང་གི་འོས་འགན་ལྟ་བུར་བརྩིས་ཏེ་རང་གི་ལས་ཀ་དང་དུས་ཚོད་ཡོད་ཚད་བློས་གཏོང་གིས་འདིའི་ནང་ཞུགས་པ་ཡིན། དཔེར་ན། ཐ་མག་ནག་པོ་དང་དུ་ཆང་གིས་ང་ཚོ་མི་ལུས་རིན་པོ་ཆེ་དེ་མི་ལུས་ཕྱུར་པོ་ཆེར་བཟོ་གི་ཡོད་པ་གཞིར་བཞག་རེད། འོན་ཀྱང་། རྒྱལ་ཁབ་གཞན་དང་མི་རིགས་གཞན་ལ་དེའི་སྐོར་གྱི་སློབ་ཁྲིད་བྱེད་མཁན་དང་འཁྲབ་ཁྲིད་བྱེད་མཁན། བདག་འཛིན་བྱེད་མཁན་ཡོད་པར་མ་ཟད། དེས་ཀྱང་གླགས་མ་འཁེལ་ན་ཁྲིམས་ཀྱི་སྟེང་ནས་རང་གི་མི་རིགས་ལ་བདག་སྐྱོང་དང་བཟོ་བཅོས་རྒྱག་གི་རེད། ང་ཚོར་ཁྲིམས་ཀྱི་སྟེང་ནས་རང་གི་མི་རིགས་ལ་བདག་སྐྱོང་བྱེད་པའི་སྐལ་བ་ལྡན་མེད་སྟབས། ང་ཚོས་ཁྱབ་བསྒྲགས་བྱེད་པ་དང་འཁྲབ་སྟོན་གྱི་ལམ་ནས་སློབ་གསོ་བྱ་རྒྱུ་ནི་གལ་ཆེའི་ནང་གི་དོན་ཆེན་ཞིག་རེད་ཅེས་ཐེངས་འདིར་མི་ལུས་ཕྱུར་པོ་ཆེའི་གློག་བརྙན་འཁྲབ་སྟོན་པ་བྱེད་དགོས་དོན་འགྲེལ་བརྗོད་གནང་ཡོད།