བརྡ་འཕྲིན་རིག་པའི་རྒྱལ་པོ་རུ་འབོད་པ་གྷོ་གྷིལ་( google ) ཞེས་པའི་དོ་དམ་ཚོང་གཉེར་ལས་ཁུངས་ཀྱིས་རྒྱ་ནག་ནང་གི་ལས་གཞི་དང་དྲ་འབྲེལ་བརྒྱུད་ལམ་ཁག་མཚམས་འཇོག་བྱ་སྲིད་པའི་ཉེན་བརྡ་བཏང་ཡོད།
ཉིན་འདི་འགར་རྒྱལ་སྤྱིའི་གསར་ལམ་ཁག་ཅིག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་ནག་གཞུང་ཕྱོགས་ནས་བརྡ་འཕྲིན་བརྒྱུད་ལམ་ཁག་ལ་སྟངས་འཛིན་དང་སྔོག་བཤེར། གསང་མྱུལ། ལྟ་རྟོག་འཕྲུལ་ཆས་རིགས་འཛུགས་ཀྱིན་ཡོད་པ་སོགས་ལ་བརྟེན། སྤྱི་འབངས་ཀྱི་བརྡ་འཕྲིན་བེད་སྤྱོད་ཀྱི་རང་དབང་ལ་ཕོག་ཐུག་ཆེན་པོ་གཏོང་གིན་ཡོད་པ་མ་ཟད། གྷོ་གྷིལ་དང་དྲ་འབྲེལ་བརྒྱུད་ལམ་ཁག་ནས་ནག་ཉེས་བསགས་པའི་མ་ཉེས་ཁ་ཡོག་བྱས་ཏེ། དྲ་དམངས་ཚོར་རྡུང་རྡེག་ཕོག་གིན་ཡོད་སྟབས། འབྱུང་འགྱུར་རྒྱ་ནག་ནང་ཡོད་པའི་རྒྱ་ཡིག་གི་གྷོ་གྷིལ་བརྒྱུད་གཏོང་མཚམས་འཇོག་བྱ་སྲིད་པའི་གནས་ཚུལ་བཀོད་འདུག
གྷོ་གྷིལ་ཚོང་དོན་ཁང་གིས་བརྗོད་རྒྱུར། སྔར་ལོའི་ལོ་མཇུག་ནས་རྒྱ་ནག་གཞུང་གིས་མི་དམངས་ལ་གྷོ་གྷིལ་དྲ་རྒྱ་བེད་སྤྱོད་ཐད་སྟངས་འཛིན་བྱེད་ཀྱིན་འདུག་པ་མ་ཟད། འཆར་གཞི་དང་དམིགས་ཡུལ་ལྡན་པའི་ཐོག་ནས་གྷོ་གྷིལ་དྲ་རྒྱའི་འཁོར་སྐྱོད་ལ་གནོད་སྐྱོན་བཟོ་བཞིན་ཡོད་པ་གསལ་བོར་ཤེས་ཡོད། རྒྱ་ནག་ནང་ཁུལ་ཙམ་དུ་མ་ཟད་འཛམ་གླིང་གང་སར་ཡོད་པའི་རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་པའི་དྲ་གནས་ཁག་ལའང་ལྐོག་འཛུལ་དང་འགོག་རྐྱེན་བཟོས་ཡོད། རྒྱ་གཞུང་གིས་མུ་མཐུད་གྷོ་གྷིལ་གཙོས་པའི་བརྡ་འཕྲིན་བརྒྱུད་ལམ་ཁག་ལ་དམ་དྲག་དང་གནོད་སྐྱོན་བཟོ་རྒྱུ་ཡིན་ན། འབྱུང་འགྱུར་རྒྱ་ནག་ནང་དུ་གྷོ་གྷིལ་གྱི་ལས་དོན་སྤེལ་ཁག་པོ་ཆགས་འདུག ད་ལྟའི་རྒྱ་ཡིག་ཐོག་གི་གྷོ་གྷིལ་འཁོར་སྐྱོད་མཚམས་འཇོག་བྱ་རྒྱུ་ཡིན། ཞེས་བརྗོད་འདུག
གནས་ཚུལ་དེ་ཕྱིར་བསྒྲགས་བྱས་མ་ཐག པེ་ཅིན་ནང་ཡོད་པའི་གྷོ་གྷིལ་ཡན་ལག་ཚོང་དོན་ལས་ཁུངས་ཁག་གི་མི་རྣམས་ཀྱིས་ལག་ཏུ་མེ་ཏོག་བཟུང་སྟེ། སྐོར་སྐྱོད་སྐད་འབོད་ཀྱིས་དགའ་བའི་རྣམ་འགྱུར་བསྟན་ཡོད་འདུག་ཅིང་། གོང་གི་གནད་དོན་དེའི་ཐད་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧེ་ལི་རེ་ཁི་ལིན་ཏོན་གྱིས་ཀྱང་། རྒྱ་ནག་གཞུང་གིས་གྷོ་གྷིལ་དྲ་རྒྱའི་ལས་དོན་ཐོག་ཐེ་ཇུས་དང་། དམ་དྲག་སྟངས་འཛིན་གྱི་བྱ་སྤྱོད་དེ་ནི་ཧ་ཅང་བློ་འཚབ་ཀྱི་རང་བཞིན་ཞིག་རེད། མི་ཚང་མས་དོགས་སོན་དང་དོ་སྣང་བྱ་དགོས་པའི་གནད་དོན་ཞིག་ཆགས་ཡོད་སྟབས། དེར་རྒྱ་ནག་གཞུང་གིས་ངེས་པར་དུ་གསལ་བཤད་ཅིག་བྱ་དགོས་པ་མ་ཟད། ང་ཚོའི་ཨ་རིའི་གཞུང་གིས་ནམ་ཡང་དྲ་རྒྱའི་རང་དབང་ལ་བརྩི་བཀུར་དང་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད། ཐེངས་འདིའི་གྷོ་གྷིལ་དང་རྒྱ་ནག་གི་གླེང་རྙོག་འདིར་ཨ་རིའི་གཞུང་ལའང་ལས་འགན་ཡོད་པ་རེད། ཅེས་བརྗོད་ཡོད།