ས་ཡོམ་ཁྲོད་མི་ཁྲི་ ༡༠ ལྷག་ཤི་ཡོད་འདུག

ཧེ་ཐིའི་ས་ཡོམ་ཁྲོད་མི་ཁྲི་ ༡༠ ལྷག་ལ་ཤི་སྐྱོན་དང་མི་ཁྲི་ ༣༠༠ ལ་རྨས་སྐྱོན་ཚབས་ཆེན་ཐེབས་ཡོད་འདུག་པར་མ་ཟད། རྒྱལ་སའི་སྲིད་འཛིན་ཕོ་བྲང་ལའང་རྡིབ་སྐྱོན་ཆེན་པོ་ཐེབས་ཡོད་ཚུལ་ཡུལ་དེའི་སྲིད་བློན་གྱིས་གསུངས་ཡོད་འདུག

ཕྱི་ཚེས་ ༡༢ ཉིན་གྱི་དུས་ཚོད་ ༤།༥༣  ཐོག་ཁ་རིབ་བྷེན་མཚོ་གླིང་དུ་ཆགས་པའི་ཧེ་ཐི་ Haiti གླིང་ཕྲན་དུ་ས་ཡོམ་རིམ་པ་ ༧ ཅན་ཞིག་བརྒྱབས་ཏེ་ཉུང་མཐར་མི་ཁྲི་ ༡༠ ལྷག་ལ་འདས་གྲོངས་སུ་གྱུར་བ་དང་མི་ཁྲི་ ༣༠༠ ལྷག་ལ་རྨས་སྐྱོན་ཕོགས་ཡོད་པར་མ་ཟད། རྒྱལ་ས་དང་སྲིད་འཛིན་སྡོད་གནས་ལའང་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་ཚུལ་ཡུལ་དེའི་སྲིད་བློན་བྷེར་ལི་ཧྥུ་ Beierlifu  མཆོག་གིས་གསར་ལམ་དུ་བརྗོད་ཡོད་འདུག

ཐེངས་འདིའི་ས་ཡོམ་ནི་ཡུལ་དེར་འདས་པའི་དུས་རབས་གཉིས་ལྷག་གི་རིང་བྱུང་མ་མྱོང་བའི་ས་ཡོམ་གྱི་གོད་ཆག་ཆེ་ཤོས་དེ་ཡིན་ཚུལ་དབྱེ་ཞིབ་པས་འགྲེལ་བརྗོད་བྱས་འདུག ཐེངས་འདིར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱབ་སྐྱོར་ཤུགས་ཆེན་བྱེད་བཞིན་པར་མ་ཟད། ལྷག་དོན་དུ་ཧེ་ཐི་རྒྱལ་ཁབ་ཏུ་ས་ཡོམ་བརྒྱབས་ནས་ཆུ་ཚོད་ཁ་ཤས་ཤིག་གི་རྗེས་སུ་ཨ་རིའི་མྱུར་སྐྱོབ་ཚོགས་པ་ཡུལ་དེར་སླེབས་ཡོད་ཚུལ་སྲིད་འཛིན་ཨོ་བྷ་མས་གསར་ལམ་དུ་གསུངས་འདུག་ལ། ཁོང་གིས་གསལ་བསྒྲགས་དེའི་ནང་མགྱོགས་མྱུར་ངང་མི་སེར་གྱི་སྲོག་སྐྱོབ་དགོས་རྒྱུའི་བཀའ་ཁྱབ་བཏང་ཡོད་ལ། ཨ་རིས་རང་ནུས་ཡོད་རྒུ་བཏོན་ཏེ་ཧེ་ཐིའི་མི་དམངས་ཀྱི་སྲོག་སྐྱོབ་རྒྱུ་ཡིན་སྐོར་སོགས་གསུངས་ཡོད་འདུག དེ་བཞིན་ཁོང་གིས་ཨ་རིའི་ངོས་ནས་ཟ་འབྲུ་དང་འཐུང་ཆུ། སྨན་རིགས། དེ་མིན་གྱི་ཞབས་ཞུའི་ལས་རིགས་སོགས་གང་ཐད་ནས་རོགས་རམ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་ལ། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གི་ཀྱང་ཨ་རིའི་མི་དམངས་དང་དམག་དོན་ཚན་པའི་ཕྱོགས་ནས་རོགས་རམ་གང་ཐུབ་གནང་རྒྱུ་ཡིན་ཚུལ་གསུངས་ཡོད་འདུག 

མཉམ་འབྲེལ་རྒྱལ་ཚོགས་དང་ཧྥ་རན་སི། དབྱིན་ཇི། འཇར་མན།  ཁེ་ན་ཌ།   མེག་སི་ཀོ ཝེ་ན་ཛལ་སོགས་ཀྱིས་ཐེངས་འདིའི་ས་ཡོམ་གྱི་གོད་ཆག་ཐད་རྒྱལ་ཁབ་འདི་དག་གིས་མི་རྒྱུ་གཉིས་ཀྱི་ཐོག་ནས་རོགས་རམ་གནང་བཞིན་ཡོད་འདུག ཧྥ་རན་སིས་གནམ་གྲུ་གཉིས་ཆེད་གཏོང་གིས་མཁོ་ཆས་དང་ཟ་འབྲུ་སོགས་ཀྱི་རོགས་རམ་གནང་ཡོད་ལ། ཛ་དྲག་རོགས་སྐྱོར་ཆེད་མཁས་པ་ ༦༥ དང་དེ་མིན་གྱི་མི་སྣ་སོགས་མངགས་གཏོང་བྱས་ཡོད་འདུག ད་ལྟ་ཧེ་ཐིར་ཧྥ་རན་སིའི་མི་གྲངས་ ༡༢༠༠ ལྷག་གནས་སྡོད་བྱེད་ཀྱིན་ཡོད་མོད། ཁོང་ཚོའི་གནས་སྟངས་ཇི་འདྲ་ཡིན་མིན་ཤེས་རྟོགས་དཀའ་ལུགས་ཧྥ་རན་སིའི་མགྲིན་ཚབ་པས་བརྗོད་ཡོད་འདུག རྒྱལ་ཚོགས་དྲུང་ཆེ་བྷན་ཁེ་མོན་གྱིས་མི་འགྱངས་བར་རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་ཚོགས་པ་ཡང་ཧེ་ཐིའི་གོད་ཆག་བྱུང་སར་སོང་སྟེ་གནོད་འཚེ་ཐེབས་པའི་མི་གྲངས་ཁྲི་ ༣༠༠ ལྷག་ལ་དུས་ཐོག་སྨན་བཅོས་བྱེད་ཀྱི་ཡིན་ཚུལ་གསུངས་ཡོད་འདུག

དབྱིན་ཇིའི་སྲིད་བློན་བྷུ་རོན་གྱིས་དབྱིན་ཇིས་གང་མགྱོགས་ཡུལ་དེར་རོགས་རམ་གང་དགོས་ཞུ་རྒྱུ་ཡིན་ཚུལ་གསུངས་ཡོད་འདུག .འཇར་མན་གྱིས་ཀྱང་ཡུ་སྒོར་ཁྲི་ ༡༠༠ ལྷག་གི་ཞལ་འདེབས་གནང་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག་ལ། རོགས་རམ་ཆེད་མཁས་པ་ ༣༧ དང་གཞན་མཁོ་ཆས་གང་མང་གི་རོགས་རམ་གནང་ཡོད་འདུག དེ་བཞིན་སི་པན་གྱིས་གནམ་གྲུ་ ༣ མངགས་ཏེ་སྡོད་གུར་དང་ཉལ་ཆས། ཅ་ལག་བླུགས་སྣོད་སོགས་རོགས་དངོས་ནར་གཏོང་བྱས་ཡོད་འདུག ཨེ་སི་རལ་གྱིས་ཀྱང་རོགས་སྐྱོར་ཆེད་མཁས་པ་དང་སྨན་པའི་རུ་ཁག་སོགས་ཆེད་གཏོང་བྱས་ཡོད་འདུག
རྒྱ་ནག་གི་རྒྱ་གྲམ་དམར་པོའི་རོགས་སྐྱོར་ཚོགས་པས་ཀྱང་ཨ་སྒོར་ཁྲི་ ༡༠༠ ལྷག་གི་ཞལ་འདེབས་གནང་རྒྱུ་ཡིན་ཞེས་ཁས་ལེན་བྱས་ཡོད་འདུག

ས་ཡོམ་རྒྱག་སའི་ལྟེ་གནས་དེ་ནི་རྒྱལ་ས་ Port-au ནས་ཀེ་ལོ་མི་ཊར་ ༡༦ མཚམས་ཡིན་པ་དང་། ས་ཡོམ་དེ་ཀེ་ལོ་མི་ཊར་ ༡༠ ལྷག་གི་སར་བརྒྱབས་ཡོད་འདུག རྒྱལ་སའི་ཁང་བརྩེགས་རྣམས་རྡིབ་སྟེ་མི་མང་སྟོང་ཕྲག་མང་པོར་ཤི་རྨས་ཚབས་ཆེན་ཐེབས་ཡོད་འདུག ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་སའི་སློབ་གྲྭ་ཞིག་ནས་བེམ་པོ་ ༥༠ ལྷག་གསར་དུ་རྙེད་ཡོད་འདུག་ལ། དེ་ནི་སློབ་ཁྲིད་བྱེད་སྐབས་ས་ཡོམ་གྱི་གོད་ཆག་འོག་ཤི་སྐྱོན་ཐེབས་པའི་སློབ་གྲྭའི་དགེ་སློབ་ཚོའི་བེམ་པོ་ཡིན་པར་ར་འཕྲོད་ཡོད་པ་དང་། རྨས་མ་ ༨༠ ལྷག་ས་འོག་ནས་རྙེད་ཡོད་འདུག ད་དུང་ཡང་ཤི་རོ་དེ་ལས་མང་བ་ཞིག་རྙེད་ཐུབ་རྒྱུར་ཚོད་དཔག་བྱེད་བཞིན་ཡོད་འདུག ས་ཡོམ་རིམ་པ་མཐོ་ཤོས་དེ་བརྒྱབས་རྗེས་ཡང་བསྐྱར་ས་ཡོམ་རིམ་པ་ ༥ དང་ ༥་༩ ཅན་ཐེངས་ ༡༨ ལ་བརྒྱབས་ཡོད་པ་རེད། ས་ཡོམ་ཁྲོད་གོད་ཆག་བྱུང་མཁན་ཞིག་གིས་བརྗོད་གསལ་ལྟར་ན། ས་ཡོམ་རྒྱག་ཤུགས་ཆེ་བས་གཞུང་ལམ་གས་ཆག་ཏུ་སོང་སྟེ་འགྲུལ་བཞུད་ཀྱང་བྱེད་མི་ཐུབ་པ་དང་། གློག་ཆད་པའི་སྟབས་ཀྱིས་གྲོང་སྡེ་དང་རྗོང་ནས་རྒྱལ་སར་ཁ་པར་གཏོང་ཐབས་མེད་པའི་གནས་སྟངས་བྱུང་ཡོད་པའི་འགྲེལ་བརྗོད་བྱས་ཡོད་འདུག ས་ཡོམ་རྒྱག་ཐེངས་རེ་ལ་མི་དམངས་ཚོ་ངུ་བཞིན་རྒྱ་ལམ་ཐོག་བྲོས་འགྲོ་བ་དང་སྐབས་དེར་མི་རོ་མང་པོ་ཞིག་ལམ་ཟུར་ན་བདག་མེད་དུ་གཡུགས་ཡོད་ལ། ས་ཡོམ་བརྒྱབ་ཚར་རྗེས་གྲོང་ཁྱེར་ཡོངས་སུ་དུ་སྨུག་དང་ཐལ་རྡུལ་གྱིས་གཡོགས་འདུག་ཅེས་དོན་རྐྱེན་དངོས་སུ་མཐོང་དུས་ཀྱི་སྣང་ཚུལ་དེ་བཤད་ཡོད་འདུག

ཧེ་ཋི་ནི་འཛམ་གླིང་ཐོག་ཡར་རྒྱས་ཧ་ཅང་དལ་བའི་ཆེས་རྗེས་ལུས་ཀྱི་རྒྱལ་ཁབ་ཅིག་ཡིན་ལ། རྒྱལ་ཁབ་དེ་ནི་མེ་གླིང་ལྷོ་མར་ཡོད་ཅིང་།  རྒྱལ་ཁོངས་ལ་ཁྱོན་སྤྱི་ལེ་གྲུ་བཞིན་མ་ ༢༧་༧༥༠ ཡོད་པའི་ནང་སྐམ་སའི་རྒྱ་ཁྱོན་གྱིས་ ༢༧་༥༦༠ དང་ཆུའི་རྒྱ་ཁྱོན་གྱིས་ ༡༩༠ ཟིན་གྱི་ཡོད། དེ་ནི་འཛམ་གླིང་ཐོག་རྒྱལ་ཁོངས་ཆུང་ཤོས་ཨང་ ༡༤༣ པ་དེ་ཡིན་འདུག རྒྱལ་ཁབ་དེར་སྐད་ཡིག་ཧྥ་རན་ཆི་དང་ཁི་རེ་ལེ་ Creole གཉིས་ཡོད་པ་ལས་གཞུང་འབྲེལ་སྐད་ཡིག་དེ་ཧྥ་རན་སིའི་སྐད་ཡིག་བཀོལ་སྤྱོད་བྱེད་བཞིན་ཡོད་འདུག མི་གྲངས་ཀྱི་ཆ་ནས་ ༡༠༠༣༣༠༠༠ ཟིན་གྱི་ཡོད།  ཧེ་ཐི་ནི་སྤྱི་མཐུན་རྒྱལ་ཁབ་ཅིག་ཡིན་པར་མ་ཟད། རྒྱལ་དམངས་གྲོས་ཚོགས་ནི་ཡུལ་དེའི་སྟངས་འཛིན་བྱེད་མཁན་མཐོ་ཤོས་དེ་ཆགས་ཡོད་པ་དང་། གྲོས་ཚོགས་སུ་ཁྱོན་མི་ ༩༩ ལྷག་ཡོད་ལ་ས་ཁུལ་རེར་འཐུས་མི་ ༢ རེ་ཡོད་འདུག ལོ་གཉིས་རེའི་མཚམས་སུ་འཐུས་མི་སུམ་ཆ་གཉིས་ལ་འགྱུར་བ་གཏོང་དགོས་ཀྱི་ཡོད་འདུག

ཕྱི་ལོ་ ༡༩༡༥ ནས་ ༡༩༣༤ ལོར་ཡུལ་འདི་ཨ་རིས་བཙན་བཟུང་བྱས་པའི་སྐབས་ལ་ས་ཞིང་འདེབས་ལས་ཐད་འཛུགས་བསྐྲུན་ཆེན་པོ་བྱུང་ཡོད་ལ། ཡུལ་འདིའི་ཐོན་ཁུངས་མང་ཆེ་ཤོས་ནི་འབྲུ་རིགས་ཡིན་པ་དང་། ཟ་འབྲུ་དང་ཚོང་ཟོག་རིགས་དབོར་འདྲེན་བྱེད་ས་གཙོ་བོ་ཡང་ཨ་རི་ཡིན། དེ་མིན་འཇར་མན་དང་ཁེ་ན་ཌ་སོགས་ལའང་ཚོང་གི་འབྲེལ་བ་གང་འཚམ་ཡོད་འདུག
ཡུལ་འདིའི་མི་མང་ཆེ་བས་མཚོ་འགྲམ་དང་རི་འདབས་སུ་འཚོ་བ་སྐྱེལ་བཞིན་ཡོད་འདུག མི་འབོར་བརྒྱ་ཆ་ ༩༥ ནི་ཨ་ཧྥི་རི་ཁའི་མི་རིགས་ནག་པོའི་རྒྱུད་པ་རེད་འདུག ལྷག་མ་རྣམས་མི་རིགས་དཀར་པོ་དང་ནག་པོའི་རིགས་རྒྱུད་འདྲེས་མ་ཡིན་ལ། མི་འབོར་གྱི་བརྒྱ་ཆ་ ༩༣ གྲོང་གསེབ་པ་ཆགས་ཡོད་པ་རེད།

རྒྱལ་ཁབ་འདི་ནི་ ༡༨༠༤ ལོར་ལ་ཊན་མ་ཨ་མེ་རི་ཁའི་འོག་ནས་རང་བཙན་ཐོབ་པ་ཡིན་ལ། ལ་ཊིན་གྱིས་བཙན་བཟུང་མ་བྱས་གོང་གི་མི་ལོ་བརྒྱའི་རིང་ལ་ཧྥ་རན་སིས་བཙན་བཟུང་བྱས་ནས་ཡུན་རིང་ཕྱིན་སྟབས། ཡུལ་དེར་ཧྥ་རན་སིའི་རིག་གཞུང་དང་སྐད་ཡིག་གི་བག་ཆགས་ཆེན་པོ་བཞག་ཡོད་ལ། ད་ལྟ་ཡུལ་དེའི་མི་མང་ཆེ་བ་ཡི་ཤུ་ཆོས་ལུགས་ལ་དད་མོས་བྱེད་མཁན་ཆགས་ཡོད།

བསྐྱར་བཅོས།: ༢༠༡༦/༠༡/༠༦

Leave a Reply

25 thoughts on “ས་ཡོམ་ཁྲོད་མི་ཁྲི་ ༡༠ ལྷག་ཤི་ཡོད་འདུག

  1. ལུང་རྟོགས།

    ངས་ཀྱང་མ་ཎི་ཞིག་མདོན་ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།