རུས་རྒྱུད་རིག་གནས་འཚོལ་བསྡུ།

བོད་ནང་གི་དྲ་ཚིགས་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཚེས་ ༡༥ ཉིན་གནམ་འོག་གི་རྨ་ཁུགས་དང་པོ་དང་། ཨེ་ཤ་ཡའི་གླིང་གི་རྩྭ་ཐང་དང་པོ་རུ་འབོད་པའི་རྨ་ཆུ་རྫོང་གི་མགར་ནང་མ་ཁང་དུ། བོད་ཀྱི་མཛངས་བློན་བདུན་གྱི་ཡ་གྱལ་མགར་སྟོང་བཙན་གྱི་མི་ཚེ་ཡི་རླབས་ཆེན་བྱ་བཞག་ལ་བསྐྱར་དུ་གདེང་འཇོག་དང་བོད་ཀྱི་རུས་རྒྱུད་རིག་གནས་འཚོལ་བསྡུ་དང་སྔོག་འདོན། མ་འོངས་པའི་མི་རབས་གསར་བར་བརྒྱུད་སྤྲོད་ཆེད། ༼ མགར་ཚང་གི་ཁྱིམ་རྒྱུད་ལོ་རྒྱུས་བགྲོ་གླེང་ ༽ ཞེས་པའི་ཚོགས་འདུ་ཞིག་ཚོགས་ཡོད་འདུག

ཚོགས་འདུ་དེའི་སྟེང་རྨ་ཆུ་རྫོང་ཆབ་སྲིད་གྲོས་མོལ་ཚོགས་པའི་ཚོགས་གཞོན་ཟུར་བ་འཇམ་དབྱངས་དང༌། སི་ཁྲོན་རྔ་ཡུལ་ཁཱ་ཤཱི་དགོན་གྱི་ཁཱ་ཤེས་རབ་རྒྱ་མཚོ། མཚོ་སྔོན་མགོ་ལོག་སྨིན་ཐང་དགོན་གྱི་མགར་ལྷ་མགོན། རྨ་ཆུ་རྫོང་གེ་སར་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་མྱིག་གཅོད་སོགས་ཞུགས་ཏེ། མགར་བློན་གྱི་རླབས་ཆེན་གྱི་བྱས་རྗེས་དང་། ཁོང་གི་མི་རྒྱུད་དག་གི་རྒྱལ་དོན་སྙིང་སྟོབས། མངའ་འབངས་ལ་སྲི་ཞུ་བསྒྲུབས་པའི་ལོ་རྒྱུས་སོགས་ངོ་སྤྲོེད། དེ་བཞིན་འདས་པའི་ལོ་རྒྱུས་ལ་བསྐྱར་དུ་ངོས་འཛིན་དང་གདེང་འཇོག ད་ལྟའི་འཚབ་མཚོན་རང་བཞིན་གྱི་ལས་དོན་དག་ལ་ཤུགས་སྣོན་སོགས་བྱས་ཡོད་པ་མ་ཟད། མཇུག་ཏུ་མགར་ཚང་གི་རུས་རྒྱུད་ཀྱི་ད་ལྟའི་བགྲེས་སོང་མཁྱེན་དཔྱོད་ཅན་དག་གིས་སྣེ་ཁྲིད་ཅིང་གསར་སྐྱེས་རིགས་ཞེན་ཅན་མང་བོས་རམ་འདེགས་འོག་མགར་ཚང་གི་རུས་རྒྱུད་བཙལ་ཞིབ་དང་། མདོ་དབུས་ཁམས་གསུམ་གྱི་མགར་ཚང་གི་མི་རྒྱུད་ཀྱི་གལ་ཆེན་རང་བཞིན་ཁག་ཁྱབ་སྤེལ་བྱས་ཏེ། རུས་རྒྱུད་ཀྱི་རིག་གནས་འདི་ཉིད་དུས་རབས་ནས་དུས་རབས་ལ་བརྒྱུད་སྤྲོད་ཐུབ་པའི་ཕྱོགས་སུ་ཕན་སྐྱེད་ཆེ་བའི་ཕྱག་ལས་མི་ཉུང་བ་ཞིག་གནང་དགོས་པའི་ཐག་གཅོད་བྱས་ཡོད་འདུག

 

འདས་པའི་ལོ་རྒྱུས་ཀྱི་བྱུང་རབས་ལྟར་ན། བོད་ཀྱི་བཙན་པོ་ཁྲི་ཐོག་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་མེད་ཐབས་མེད་པའི་བློན་ཆེན་བཞིའི་གྲས་མགར་སྟོང་བཙན་ཡུལ་སྲུང་གི་མི་རྒྱུད་མང་ཆེ་བ་མདོ་སྨད་ཕྱོགས་སུ་ཆད་ཡོད་པ་དང་། མགར་སྟོང་བཙན་གྱི་བུ་བཞི་ལས་མགར་བཙན་སྙ་ལྡོམ་བུ་དང་མགར་ཁྲི་འབྲིང་བཙན་བྲོད་སོགས་ཀྱིས་དེང་གི་ཨ་མདོའི་ཁོངས་གཏོགས་འ་ཞ་ཟེར་བར་དམག་དྲངས་ཏེ། མཐའ་འཁོབ་ཀྱི་རྒྱལ་ཕྲན་དག་གཅིག་སྡུད་བྱས་ཏེ་བོད་རྒྱལ་ཁབ་ཆེན་པོ་རྒྱ་བསྐྱེད་བཏང་ཚུལ་གསལ་ཞིང་། ཏུན་ཧོང་གཏེར་ཡིག་ནང་། “བོད་ས་ཁྱི་ ༦༩༨ ལོར་བཙན་པོ་འདུས་སྲོང་དབྱར་དུས་བྱང་ཕྱོགས་སུ་ཕེབས་པ་དང་། དགུན་དུས་བློན་ཆེན་པོ་མགར་ཁྲི་འབྲིང་བཙན་བྲོད་ཀྱིས་མདོ་སྨད་ཙོང་ཁ་ཆེ་ཆུང་དུ་དམག་དྲངས། དགུན་དུས་དེ་རང་ལ་བཙན་པོས་མགར་ལ་བཀྱོན་ཕབ” ཅེས་བཀོད་འདུག་ལ། དེ་བཞིན་དུང་དཀར་ཚིག་མཛོད་ནང་། “མགར་བཙན་སྙ་སྡོམ་བུ་བློན་ཆེན་དུ་བསྐོ་བཞག་བྱས་པའི་ལོ་དེར། མགར་ཁྲི་འབྲིང་བཙན་བྲོད་སོགས་གཞོན་པ་གསུམ་གྱིས་དམག་དཔོན་བྱས་ཏེ། རྒྱའི་ས་མཚམས་སུ་དམག་དྲངས་ཏེ་ལྗང་རིགས་ཀྱི་ཡུལ་ཚན་བཅུ་གཉིས་ཙམ་བཅོམ་པ་དང་། དེའི་རྗེ་བོད་དམག་གིས་ནུབ་ཕྱོགས་གྲུ་གུ་ཚོ་ཆེན་བཅུ་བོད་ཀྱི་ཚབ་འོག་ཏུ་བཅུག”  ཅེས་བཀོད་ཡོད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

10 thoughts on “རུས་རྒྱུད་རིག་གནས་འཚོལ་བསྡུ།