ཉེ་ཆར་རྒྱ་ནག་དབུས་གཞུང་གིས་བོད་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བ་སྐོང་ཚོགས་བྱས་ཤིང་། བོད་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་བརླིང་གཉིས་དཀྱིལ་སྙིང་དུ་བཟུང་སྟེ། བོད་མིར་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་དང་རྒྱལ་ཁབ་ཀྱི་འདུ་ཤེས་བསྐྲུན་གལ་ཆེ་སྐོར་བརྗོད་འདུག་ལ། བོད་ཁུལ་གྱི་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྤྱི་ཚོགས་འཛུགས་སྐྲུན་སོགས་ཚན་རིག་དང་མཐུན་པར་བསྒྲུབས་ཏེ། ༢༠༢༠ ལོར་བོད་ཁུལ་ཡོངས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་ཐུབ་པར་སྔོན་དཔག་བྱས་འདུག
ཟླ་འདིའི་ཕྱི་ཚེས་ ༡༨ ནས་ ༢༠ བར་རྒྱ་ནག་པེ་ཅིན་ནས་༼ བོད་རང་སྐྱོང་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བ། ༽ ཟེར་བ་དེ་སྐོང་ཚོགས་བྱས་ཡོད་པ་དང་། ཚོགས་འདུ་དེར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་སྲིད་བློན་ཝིན་ཅ་པའོ་གཉིས་གཙོས་པའི་ཆེས་མཐོའི་མགོ་ཁྲིད་ཁག་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྐུ་ཚབ་དང་བོད་རང་སྐྱོང་ལྗོངས་ཏང་གི་མགོ་ཁྲིད་ཁག་ཅིག་བཅས་ཞུགས་ཡོད་འདུག བོད་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་སྔོན་མ་དག་གི་སྐབས་སུ་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་གོང་སྤེལ་དང་སྤྱི་ཚོགས་བདེ་འཇགས་ཀྱི་ཞོར་དུ། མང་ཚོགས་ཀྱི་ཤེས་ཡོན་དང་འཕྲོད་བསྟེན། ས་གནས་མི་མང་གི་ཁེ་ཕན་སྲུང་སྐྱོབ་བཅས་ལ་གཙུག་ཆེན་བྱས་ཡོད་ཀྱང་། ཐེངས་འདིར་ “ འཕེལ་རྒྱས་དང་བརྟན་བརླིང་། ” གཉིས་དཀྱིལ་སྙིང་དུ་བཟུང་སྟེ། སྤྱི་ཚོགས་རིང་ལུགས་སྲོག་ཤིང་དུ་བྱས་བའི་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་དང་། རྒྱལ་ཁབ་ཀྱི་འདུ་ཤེས། སྤྱི་འབངས་ཀྱི་འདུ་ཤེས་གཏིང་ཟབ་བསྐྲུན་དགོས་སྐོར་ནན་གྱིས་བརྗོད་འདུག་ལ། ཀྲུང་དབྱང་དབུས་གཞུང་གིས་བོད་ལྗོངས་ལས་དོན་སྐོར་གྱི་བྱེད་ཕྱོགས་དང་སྲིད་ཇུས་ནི་རྩ་བ་ནས་ནོར་འཁྲུལ་མེད་པ་དང་ཡང་དག་པ་ཡིན་པ། རྒྱལ་ཁབ་ཀྱི་གནས་སྟངས་དང་བོད་ལྗོངས་ཀྱི་དངོས་ཡོད་གནས་ཚུལ། ཁག་སོ་སོའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་བཅས་དང་ཧ་ཅང་འཚམ་པ་ཞིག་ཏུ་མཐའ་གཅིག་ཏུ་ངོས་འཛིན་བྱས་འདུག
ཐེངས་འདིའི་ཚོགས་ཐོག་གི་གྲོས་དོན་ཁག་གི་ཐད། སྲིད་དོན་དབྱེ་ཞིབ་པ་དག་གིས་གླེང་སློང་དང་ཚོད་དཔག་སྣ་ཚོགས་བྱེད་ཀྱིན་ཡོད་ཀྱང་། ཁོང་ཚོར་གཅིག་མཐུན་གྱིས་ངོས་འཛིན་ཞིག་ཡོད་པ་ནི། “འཕེལ་རྒྱས” ཀྱི་ཆེད་དུ་རྒྱ་གཞུང་གིས་སྔར་ལས་ལྷག་པའི་དངུལ་གྱི་འགྲོ་སོང་འབོར་ཆེན་བཏང་སྟེ། བོད་ལྗོངས་འཛུགས་སྐྲུན་དང་དཔལ་འབྱོར་ཡར་རྒྱས་ཀྱི་ཕྱོགས་ལ་ཤུགས་རྒྱག་རྒྱུ་ཡིན་པ་དང་། དེ་དང་མཉམ་དུ་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཅོམ་དང་། རྒྱ་རིགས་འབོར་ཆེན་བོད་ཁུལ་དུ་གནས་སྤོ་བྱ་རྒྱུ་ཡིན་ཚུལ་བརྗོད་འདུག་ལ། “བརྟན་བརླིང” གི་ཆེད་དུ་བོད་པའི་དགོན་སྡེ་དང་སློབ་གྲྭ གྲོང་རྡལ་དང་གྲོང་གསེབ་བཅས་སུ་སྤྱི་ཚོགས་ཞབས་ཞུའི་དཔུང་སྟེ་དང་། ལས་དོན་རུ་ཁག་འདྲ་མིན་རྩ་འཛུགས་བྱ་རྒྱུ་ཡིན་པ་དང་། དེ་དང་མཉམ་དུ་མང་ཚོགས་ཀྱི་འགྲོ་སྐྱོད་རང་དབང་ལ་དོ་དམ་དང་། སྤྱི་ཚོགས་ཀྱི་བྱེད་སྒོ་ཁག་ལ་ཞིབ་བཤེར་གྱིས་རྡུང་རྡེག་ཚ་ནན་མུ་མཐུད་བྱ་རྒྱུ་ཡིན་པ་དང་། ལྷག་པར་དུ་རྒྱལ་གཅེས་ཆོས་གཅེས་དང་། ཆབ་སྲིད་དྲིལ་བསྒྲགས་སོགས་ཀྱིས་སྤྱི་ཚོགས་ལ་བརྡབ་གསིག་ཆེན་པོ་གཏོང་རྒྱུ་ཡིན་པའི་ཚོད་དཔག་བྱས་ཡོད།
ཚོགས་ཐོག་ནས་ཧུའུ་ཅིན་ཐའོ་ཡིས་ཀྲུང་དབྱང་གིས་བོད་ལྗོངས་ཐོག་འཛིན་པའི་སྲིད་བྱུས་ཡང་དག་ཡིན་ཚུལ་དང་། འབྱུང་འགྱུར་བརྟན་བརླིང་ཨང་དང་པོར་འཇོག་དགོས་སྐོར་བརྗོད་དོན། ༢༠༠༡ ལོར་ཚོགས་པའི་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་བ་ནས་བཟུང་། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡང་དག་པའི་མགོ་ཁྲིད་དང་། བོད་རང་སྐྱོང་ལྗོངས་ཏང་ཨུ་དང་ལྗོངས་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་ཀྱིས་འབད་འབུངས་འོག བོད་ལྗོངས་ཀྱི་སྲིད་འབྱོར་རིག་གསུམ་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད། ལག་ལེན་གྱིས་བདེན་དཔང་གང་ལེགས་བྱས་པ་ནི། ཀྲུང་དབྱང་གི་དུས་སྐབས་གསར་བའི་ནང་གི་བོད་ལྗོངས་ལས་དོན་སྐོར་གྱི་བྱེད་ཕྱོགས་དང་སྲིད་ཇུས་ནི་རྩ་བ་ནས་ཡང་དག་པ་ཡིན་པ་དང་། རང་རྒྱལ་གྱི་རྒྱལ་ཁབ་གནས་ཚུལ་དང་བོད་ལྗོངས་ཀྱི་དངོས་ཡོད་གནས་ཚུལ། བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་བཅས་དང་འཚམ་པ་རེད། ཅེས་དང་། ངེས་པར་དུ་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པ་དེ་ལས་འགན་ལྡོག་མེད་དང་། ཨང་དང་པོར་བརྩིས་ཏེ། རྒྱུན་མཐུད་དང་གཏིང་ཟབ་ངང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ། མི་སེམས་གོང་བུ་གཅིག་གྱུར་དང་སྟོབས་ཤུགས་གཅིག་བསྡུས། མི་རིགས་དང་ཆོས་ལུགས་ཀྱི་ལས་དོན་ལེགས་པར་སྒྲུབ་པ་དང་རིམ་པ་སོ་སོའི་མགོ་ཁྲིད་དཔུང་ཁག་དང་ལས་བྱེད་པའི་དཔུང་སྡེ། གཞི་རིམ་རྩ་འཛུགས། ཏང་ཡོན་དཔུང་སྡེ་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ཏེ་གོང་བུ་གཅིག་གྱུར་དང་། འཐབ་རྩོད་ནུས་པ་མཐོར་འདེགས་བྱ་དགོས། ཞེས་བརྗོད་འདུག
ཧུའུ་ཡིས་མུ་མཐུད་དུ་བོད་ལྗོངས་ཀྱི་ད་ལྟའི་འགལ་བ་ཁག་ཅིག་ངོས་འཛིན་དང་། དེ་ལ་ཁ་གཏད་ལྕོགས་སྟངས་སྐོར་མཛུབ་སྟོན་བྱས་དོན། དེང་གི་བོད་ལྗོངས་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་སྔར་བཞིན་མི་དམངས་ཀྱི་ཉིན་བཞིན་གོང་དུ་འཕེལ་བཞིན་པའི་དངོས་པོའི་རིག་གནས་ཀྱི་དགོས་མཁོ་དང་། རྗེས་ལུས་ཀྱི་སྤྱི་ཚོགས་ཐོན་སྐྱེད་བར་གྱི་འགལ་བ་ཡིན་ཞིང་། དུས་མཚུངས་སུ་བོད་ལྗོངས་སུ་ད་དུང་རིགས་སོ་སོའི་མི་དམངས་དང་ཏཱ་ལའི་ཡིས་ཚབ་བྱས་པའི་ཁ་བྲལ་སྟོབས་ཤུགས་གཉིས་བར་གྱི་དམིགས་བསལ་འགལ་བ་ལྡན་པ་དང་། བོད་ལྗོངས་ཀྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་དམིགས་བསལ་འགལ་བ་གཉིས་ཀྱིས་བོད་ལྗོངས་ལས་དོན་གཙོ་བོ་ནི་ངེས་པར་དུ་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་དང་། ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་ཐག་བཅད་ཡོད་པ་རེད། དེང་སྐབས་དང་དེང་ཕྱིན་གྱི་དུས་སྐབས་ངེས་ཅན་ཞིག་གི་བོད་ལྗོངས་ལས་དོན་གྱི་མཛུབ་སྟོན་བསམ་བློ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ། ཏིན་ཞའོ་ཕིན་གྱི་གཞུང་ལུགས་དང་། མཚོན་བྱེད་གསུམ་གྱི་བསམ་བློ་གལ་ཆེན་གྱིས་མཛུབ་སྟོན་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས། ཀྲུང་གོའི་ཁྱད་ཆོས་དང་བོད་ལྗོངས་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ལམ་བུ་རྒྱུན་འཁྱོངས་བཅས་བྱ་དགོས། ཞེས་བརྗོད་འདུག
ཧུའུ་ཡིས་བོད་མི་ཚོར་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་དང་རྒྱལ་ཁབ་གཅིག་གྱུར་གྱི་འདུ་ཤེས་བསྐྲུན་ཏེ། བོད་རང་བཙན་སོགས་ཀྱི་བྱ་སྤྱོད་ལ་འགོག་རྒོལ་བྱ་དགོས་ཚུལ་བསྟན་དོན། ཏང་གི་མི་རིགས་ཀྱི་རིག་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་མཐའ་འཁྱོངས་བྱེད་པ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བྱེད་པ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་སྲོག་ཤིང་དུ་གྱུར་བའི་རིན་ཐང་མ་ལག་སྐོར་གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་དང་། རྒྱལ་ཁབ་ཀྱི་འདུ་ཤེས། ཁྲིམས་ལུགས་འདུ་ཤེས། སྤྱི་འབངས་འདུ་ཤེས་སོགས་མཐོ་རུ་བཏང་སྟེ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་སྲུང་སྐྱོང་། མེས་རྒྱལ་གོང་བུ་གཅིག་འགྱུར་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བཅས་ཀྱི་དར་ཆ་མཐོར་པོར་བསྒྲེངས་ཏེ། “བོད་རང་བཙན”ཁ་བྲལ་ཕྱོགས་གཏོགས་ཀྱི་སིམ་འཛུལ་གཏོར་བཤིག་གི་བྱ་སྤྱོད་ལ་སྔོན་འགོག་དང་རྡུང་རྡེག་གཏོང་དགོས། ཞེས་བརྗོད་འདུག
སྐབས་དེར་སྲིད་བློན་ཝིན་ཅ་པའོ་ཡིས་ལག་ལེན་རང་བཞིན་དང་། ཉེར་མཁོའི་རང་བཞིན་གྱི་ལས་དོན་འགའ་ཟུར་འདོན་གྱིས་བརྗོད་དོན། བོད་ལྗོངས་འདི་ཉིད་མཆོང་བརྒལ་རང་བཞིན་གྱི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་དགོས་ན། དང་པོ། ཞིང་འབྲོག་པའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཤུགས་ཆེན་གཏོང་བ་དང་ལས་ཞུགས་གནད་དོན་ཐག་གཅོད་བྱ་དགོས། གཉིས་པ། སློབ་གསོ་འཕེལ་རྒྱས་སྔོན་དུ་འཇོག་པ་དང་སྨན་ཡོན་མི་དགོས་པའི་ཐོག་ནས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། གསུམ་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་དང་སྐྱེ་ཁམས་སྐྱིན་གསབ་ཐད་ཀྱི་ཡུན་རིང་ཕན་འབྲས་ཐོན་པའི་ནང་རྐྱེན་བསྐྲུན་རྒྱུ། བཞི་བ། མཐུན་མིན་ཐོན་ལས་འཕེལ་རྒྱས་མགྱོགས་སུ་བཏང་སྟེ་རང་ངོས་ཀྱི་འཕེལ་རྒྱས་ནུས་པ་མཐོ་རུ་གཏོང་དགོས། ཞེས་དང་། ཁོས་མུ་མཐུད་བརྗོད་དོན། ནོར་སྲིད་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་དང་། ཆེད་མངགས་རྣམ་གྲངས་ཐད་མ་དངུལ་ཤུགས་ཆེན་གཏོང་རྒྱུ། དཔྱ་ཁྲལ་ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་ལག་བསྟར། བོད་ལྗོངས་དངུལ་རྩའི་ལས་ཁུངས་ཀྱི་བུ་ལོན་གཡར་བའི་སྐྱེད་ཀའི་ཚད་དང་ཁ་གསབ་གཟིགས་སྐྱོང་རྒྱུན་འཁྱོངས། ཀྲུང་དབྱང་གི་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་སྟེ། ཆེད་མངགས་རྣམ་གྲངས་ལ་མ་དངུལ་འཇོག་པའི་གཞི་ཁྱོན་རྒྱ་ཆེ་རུ་གཏོང་བ། མི་སྣ་སྐྱེ་བསྲེང་བྱ་ཤུགས་ཆེ་རུ་བཏང་སྟེ། ས་ཁུལ་དེར་དགོས་མཁོ་ཆེ་བའི་ལས་རིགས་ཁག་གི་ཆེད་ལས་མི་སྣ་སྔར་ལས་མང་བ་གསོ་སྐྱོང་བྱེད་པ། བོད་ལྗོངས་ཀྱི་ལས་བྱེད་ལས་བཟོར་དམིགས་བསལ་གླ་ཕོགས་སྲིད་ཇུས་ལག་བསྟར། ཞོར་ཕོགས་ལག་ལེན་བསྟར་ཐབས་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། རྒྱལ་ཡོངས་ཀྱི་ཚད་ལྡན་ཞོར་ཕོགས་ཁ་གསབ་ཀྱི་ཆ་སྙོམས་ཆུ་ཚད་ལ་གཞིགས་ནས་བོད་ལྗོངས་ཀྱི་དམིགས་བསལ་ཞོར་ཕོགས་ཚད་གཞི་བལྟོས་བཅས་ཀྱིས་ལེགས་སྒྲིག་བྱ་དགོས། ཞེས་བཀོད་འདུག