གཞུང་ཞབས་པ་ཚོ་ཕྱི་རྒྱལ་དུ་སོང་བ་རེད།

ཕྱི་ལོ་ ༢༠༠༧ ལོ་དང་བསྡུར་ན་འདས་པའི་ལོ་གཉིས་ནང་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ལས་བྱེད་དགོངས་པ་ཞུ་བའི་གྲངས་ཚད་ཉུང་དུ་སོང་ཡོད་ཐོག བཀའ་ཤག་ནས་བཀའ་འཁྲོལ་ཐོབ་པའི་ས་མིག་སྔར་བས་ཀྱང་མང་དུ་སོང་ཡོད།

ཉིན་འདི་འགར་བཙན་བྱོལ་བོད་གཞུང་འདེམས་བསྐོ་ལྷན་ཁང་གིས་ལས་བྱེད་གསར་བསྡུའི་ཡིག་རྒྱུགས་གཏོང་བཞིན་པའི་སྒང་ཡིན་ལ། འཆར་ཅན་གྱི་ས་མིག་ལྟར་ན་སྡེ་ཚན་ཁག་གི་འགན་འཛིན་བཞི་དང་། ལས་དྲུང་གཅིག ལས་ཁུངས་དོ་དམ་བཅུ་གཅིག སྒེར་དྲུང་གཉིས། གཞོན་དྲུང་ལྔ། ཡིག་སྐྱེལ་བ་གསུམ། ཁ་ལོ་བ་བཞི་བཅས་ཁྱོན་བསྡོམས་ལས་བྱེད་སུམ་ཅུ་ཙམ་གསར་བསྡུ་བྱ་རྒྱུ་ཡིན་འདུག

ད་ལྟའི་ཆར་ཁ་ལོ་བ་ཚུད་པའི་ཁྱོན་ཡིག་རྒྱུགས་གཏོང་མཁན་མི་ ༢༥༠ ཙམ་བྱུང་བའི་ཁྲོད་ནས་ཟླ་འདིའི་ཚེས་ ༢༡ ཉིན་ཁ་ལོ་བ་དང་ཚེས་ ༢༤ ཉིན་ཡིག་སྐྱེལ་བ་གཉིས་ཀྱི་ཡིག་རྒྱུགས་བཏང་ཚར་བ་དང་། ཚེས་སུམ་ཅུ་ནས་བཟུང་དེ་མིན་གྱི་སྡེ་ཚན་གཞན་ཁག་གི་ཡིག་རྒྱུགས་རྣམས་གཏོང་རྒྱུ་ཡིན་འདུག་ལ། ཁོང་ཚོར་དབྱིན་བོད་གཉིས་ཐོག་བྲིས་རྒྱུགས་དང་ངག་རྒྱུགས་གཉི་ཀ་གཏོང་རྒྱུ་ཡིན་འདུག

ཡིག་རྒྱུགས་མཐའ་མ་དེ་ཕྱི་ཟླ་གཉིས་པའི་ཚེས་ ༥ བར་དུ་བཏང་ཚར་བ་བྱ་རྒྱུ་ཡིན་འདུག་མོད།  ཡིག་རྒྱུགས་ཞིབ་བཤེར་ག་དུས་ཚར་མིན་ཐད་ད་དུང་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཅེས་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་འགན་འཛིན་མཆོག་གིས་གསུངས་ཡོད།

གོང་གསལ་གནས་ཚུལ་དེ་དང་འབྲེལ་ཏེ་འདི་གའི་གསར་འགོད་པས་བོད་གཞུང་གཞུང་ཞབས་འདེབས་བསྐོ་ལྷན་ཁང་བརྒྱུད།  ཕྱི་ལོ་ ༢༠༠༨ དང་ ༢༠༠༩ ལོ་གཉིས་ཧྲིལ་བོའི་རིང་བཙན་བྱོལ་བོད་གཞུང་གི་ལྷན་ཁང་ཁག་བདུན་གྱི་ཁྱབ་ཁོངས་འོག་ཡོད་པའི་ལས་བྱེད་རྣམས་ལས་གསར་དུ་བསྐོ་བཞག་བྱས་པ་དང་རྩ་དགོངས་ལ་སོང་བ། རྒས་ཡོལ་ལ་ཕེབས་པ་བཅས་ཀྱི་ལས་བྱེད་ག་ཚོད་ཡོད་མེད་སྐོར་ལ་རྒྱུས་ལོན་བྱེད་སྐབས། ད་ཡོད་བཀའ་ཤག་གིས་བཀའ་འཁྲོལ་ཐོབ་པའི་ས་མིག་ ༥༦༩ ཡོད་པ་དང་། འདས་པའི་ལོ་གཉིས་རིང་གསར་དུ་བསྐོ་བཞག་བྱུང་བའི་ལས་བྱེད་ ༨༥ བྱུང་འདུག དེ་བཞིན་རྩ་དགོངས་ཞུས་པ་ ༢༠། རང་བཞིན་གྱིས་བུད་པ་ ༤ ། རྒས་ཡོད་སྔ་འགྱུར་སོང་བ་ ༥ ། ཆོད་གན་རྫོགས་པ་ ༤ བཅས་བསྡོམས་པས་ལས་བྱེད་ ༣༤ ལས་སོང་མེད་པ་དང་། ལྷག་པར་དུ་རྩ་དགོངས་ཞུས་པའི་གྲངས་ཐོ་དེ་ནི་ཕྱི་ལོ་ ༢༠༠༧ ལོ་དང་བསྡུར་ན་ཉུང་དུ་སོང་ཡོད། 

 ༢༠༠༧ ལོའི་ཟླ་ ༩ ཚེས་ ༣༠ ཉིན་གྱི་བོད་ཀྱི་དུས་བབ་གསར་ཤོག་ཐོག་སྐབས་དེའི་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་འདི་གའི་གསར་འགོད་པའི་དྲི་བར་ལན་འདེབས་གནང་བ་ལྟར་ན། ལོ་དེའི་ཟླ་ ༡ ནས་ཟླ་ ༨ བར་ལས་བྱེད་ཉི་ཤུ་ལྷག་རྩ་དགོངས་ཞུས་ཡོད་སྐོར་བརྗོད་ཡོད་ལ། གྲངས་ཐོ་དེ་ནི་ཕྱི་ལོ་ ༢༠༠༠ ལོ་ནས་ད་བར་གྱི་གྲངས་ཐོའི་ནང་གཞུང་ཞབས་ལས་བྱེད་རྩ་དགོངས་ཞུས་པའི་གྲངས་ཐོ་མཐོ་ཤོས་དེ་ཆགས་ཡོད་ལ། ལོ་དེ་དང་བསྡུར་ན་འདས་པའི་ལོ་གཉིས་རིང་གི་གཞུང་ཞབས་ལས་བྱེད་རྩ་དགོངས་ཞུས་པའི་གྲངས་ཚད་མར་ཆགས་ཡོད་ཐོག སྐབས་དེར་བཀའ་ཤག་གིས་བཀའ་འཁྲོལ་ཐོབ་པའི་ས་མིག་ ༥༣༢ ནས་ད་ལྟ་ ༥༦༩ ལ་འཕར་ཡོད།

སྐབས་དེར་འདི་གའི་གསར་འགོད་པས་འབྲེལ་ཡོད་མི་སྣ་ཁག་ཅིག་ལ་དེའི་སྐོར་གྱི་བཀའ་འདྲི་ཞུས་སྐབས་ལས་བྱེད་རྩ་དགོངས་ཞུ་བའི་གྲངས་འབོར་མང་དུ་འགྲོ་བཞིན་པ་ནི། འཛིན་སྐྱོང་བཀའ་ཤག་གིས་གཞུང་ཞབས་ལས་བྱེད་རྣམས་ལ་སྟངས་འཛིན་ནན་མོ་བྱས་པར་མ་ཟད། ཁོང་ཚོའི་དབང་ཆ་སྒེར་གཅོད་བྱས་པ་ལས་བྱུང་བ་ཡིན་སྐོར་བརྗོད་ཡོད་ལ། ཐེངས་འདིར་འབྲེལ་ཡོད་ལས་བྱེད་ཁག་ཅིག་ལ་བཅར་འདྲི་ཞུས་སྐབས། བཙན་བྱོལ་བོད་གཞུང་ཆོས་རིག་དྲུང་ཆེ་མགོན་པོ་ཕུན་ཚོགས་མཆོག་གིས་ལས་བྱེད་རྩ་དགོངས་ཞུ་བཞིན་པར་རྒྱུ་མཚན་ཆེན་པོ་གསུམ་ཡོད་ཅིང་། དེ་དག་ནི་ཕྱི་རྒྱལ་དུ་འགྲོ་བ་དང་ལས་བྱེད་རྙིང་གྲས་ཞབས་ལོ་ཚང་བ། དེ་མིན་རྒྱ་གར་དང་བོད་སྤྱི་ཚོགས་ཁྲོད་ད་ལྟའི་རང་གི་གོ་གནས་དང་ལས་ཀའི་ངོ་བོ་ལས་ལྷག་པའི་ལས་ཀ་གཞན་པ་རག་པ་བཅས་ལ་བརྟེན་ནས་འབྱུང་བཞིན་པ་ཞིག་རེད་ཅེས་འགྲེལ་བརྗོད་གནང་ཡོད་ལ། བོད་གཞུང་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ཀྱང་། གཙོ་བོ་བོད་རིགས་ན་གཞོན་རྣམས་ཕྱི་རྒྱལ་དུ་འགྲོ་བཞིན་པ་དེས་དགོངས་པ་ཞུ་བའི་གྲངས་ཚད་ཀྱང་མང་དུ་འགྲོ་བཞིན་པ་རེད་མོད། ས་གནས་གང་དུ་ཡིན་ཡང་ལས་བྱེད་དགོངས་པ་ཞུ་མཁན་དང་ས་མིག་སྟོང་བ་ལྷག་འདུག་པའི་གནས་ཚུལ་ནི་རྒྱུན་ལྡན་ལྟ་བུ་རེད་ཅེས་གསུངས་ཡོད། ཁོང་རྣམ་པ་གཉིས་ཀྱིས་གཞུང་ཞབས་ལས་བྱེད་རྩ་དགོངས་ཞུ་བའི་ཐད་འཛིན་སྐྱོང་བཀའ་ཤག་གི་འཛིན་སྐྱོང་དང་འབྲེལ་བ་གང་ཡང་མེད་པར་གཙོ་བོ་སྒེར་གྱི་ལས་དོན་དང་ཁེ་ཕན་ཁོ་ནའི་ཆེད་དུ་ཡིན་སྐོར་གསུངས་ཡོད་ལ། དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་ཀྱིས། ལས་བྱེད་གསར་དུ་སླེབས་པ་རྣམས་ཡིག་རྒྱུགས་བཏང་ནས་ཡོང་བཞིན་ཡོད་སྟབས་ལས་ཀའི་ཐོག་ཤེས་ཡོན་གནས་ཚུལ་མ་ལོན་པའི་དཀའ་ངལ་འཕྲད་ཀྱིན་མེད་ནའང་། གསར་དུ་སླེབས་པ་རྣམས་ཉམས་མྱོང་དང་ལས་ཀ་གསར་བར་ལམ་སེང་མ་གོམས་པའི་དབང་གིས་དཀའ་ངལ་འཕྲད་ཀྱིན་འདུག་ཅེས་འགྲེལ་བརྗོད་གནང་ཡོད།

ཡང་མིང་བརྗོད་འདོད་མེད་མཁན་ཞིག་གིས་བརྗོད་པ་ལྟར་ན་འདས་པའི་ལོ་གཉིས་ནང་གཞུང་ཞབས་ལས་བྱེད་རྩ་དགོངས་ཞུ་བའི་གྲངས་འབོར་ཉུང་དུ་སོང་བ་ནི་རྒྱ་གར་གཞུང་ནས་ཕྱི་རྒྱལ་དུ་འགྲོ་རྒྱུར་བཀག་སྡོམ་ནན་མོ་བྱས་པ་དང་འབྲེལ་བ་དམ་ཟབ་ཡོད་སྐོར་བརྗོད་ཡོད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

5 thoughts on “གཞུང་ཞབས་པ་ཚོ་ཕྱི་རྒྱལ་དུ་སོང་བ་རེད།

  1. ལུང་རྟོགས།

    གསར་འབྱོར་བ་ཚོ་ལ་གོ་བསྐབ་མ་སྤྲད་པ་ད་ཡིན་གྱི་མ་རེད། འོན་ཀྱང་དབྱིན་ཡིག་གི་ཐོག་ནས་ཡིག་རྒྱུག་གཏོང་དགོས་པ་འདི་ནི་གསར་འབྱོར་བ་ལ་མཚོན་ན་དཀའ་ངལ་ཆེན་པོ་ཞིག་རེད། དེས་ན་གལ་ཏེ་བོད་ཡིག་གཅིག་པུས་འགྲིག་གི་མེད་ན་དབྱིན་ཡིག་ཤེས་མཁན་དབྱིན་ཡིག་དང་རྒྱ་ཡིག་ཤེས་མཁན་རྒྱ་ཡིག་གི་ལམ་ནས་ཡིག་རྒྱུག་གཏོང་ཆོག་པ་ཞིག་བྱུང་ན་མི་ལེགས་སམ།