དོན་གྱིས་གྲྭ་བ་ཚོ་ཞ་ར་དང་འོན་པ་བཟོས་པ་རེད།

ཟླ་འདིའི་ནང་མདོ་སྨད་རྔ་བ་སྒོ་མང་དགོན་པ་དང་ཀིརྟི་དགོན་པ་སོགས་རྔ་བ་ཁུལ་གྱི་དགོན་སྡེ་ཁག་གི་དོགས་ཡོད་གྲྭ་བཙུན་རྣམས་ཀྱི་ཁ་པར་ཨང་གྲངས་དང་གླེང་མོལ་ཨང་གྲངས་ཡ་ཧོ་ཁ་བྱང་། དེ་བཞིན་དོགས་ཡོད་དགེ་འདུན་པ་དེ་དག་གི་སྡོད་མིང་འཛིན་བྱང་གི་ཨང་གྲངས་སོགས་རྔ་བ་ས་གནས་ཉེན་རྟོག་པས་བསྡུ་རུབ་བྱེད་ཀྱིན་ཡོད་འདུག 

ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་བོད་ནང་གི་འབྲེལ་ཡོད་མི་སྣ་ཞིག་གིས་བཤད་པ་ལྟར་ན། ཟླ་འདིའི་ནང་རྔ་པ་སྒོ་མང་དགོན་པ་དང་ཀིརྟི་དགོན་པའི་དོགས་ཡོད་དགེ་འདུན་པ་སྐོར་ཞིག་གི་ཁ་པར་ཨང་གྲངས་དང་གླེང་མོལ་ཨང་གྲངས་སོགས་དགོན་པའི་དོ་དམ་ལ་བརྒྱུད་ནས་རྔ་བ་ས་གནས་ཉེན་རྟོག་པས་བསྡུ་རུབ་བྱེད་ཀྱིན་འདུག་ཟེར། ད་སྐབས་རྔ་བ་སྒོ་མང་དགོན་པ་སོགས་རྔ་བ་རྫོང་གི་དགོན་སྡེ་ཁག་ཅིག་ནི་དགོན་པའི་དགུན་གནང་གུང་གསེང་སྐབས་ཡིན་སྟབས། དགེ་འདུན་པ་མང་བོ་རང་རང་གི་ཕ་ཡུལ་དུ་ལོག་ཚེ་སོ་སོའི་ས་གནས་སུ་བོད་དོན་གྱི་ལས་འགུལ་དང་ཡང་ན་ས་གནས་དེ་དག་གི་གནས་ཚུལ་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱེད་པར་དོགས་ནས་དེ་འདྲ་གནང་གི་ཡོད་པའི་སྐོར་དགེ་འདུན་པའི་ནང་ཁུལ་ན་ལབ་གླེང་བྱེད་ཀྱིན་འདུག་ཟེར། ད་སྐབས་དགེ་འདུན་པ་མང་བོ་ཞིག་རང་རང་གི་ཕ་ཡུལ་དུ་གུང་གསེང་ལ་ཕྱིན་ཡོད་སྟབས། གྲོགས་པོ་ཕན་ཚུན་བར་ཁ་པར་ནང་སྐད་ཆ་བཤད་དུས་སྐད་ཆ་དམར་པོ་མ་བཤད་ཅེས་པའི་བཤད་སྲོལ་ཞིག་ཆགས་ཡོད་རབས་ཀྱང་བརྗོད་སོང་།

སྐད་ཆ་དམར་པོའི་སྐོར་ལ་དྲིས་པར་ཁོང་གིས་བརྗོད་དོན། དེ་རིང་ཁ་པར་ནང་འདིའི་སྐོར་ནས་བཤད་ན་ང་རང་ལ་སྟབས་བདེ་བོ་མི་འདུག  ངས་ཁྱེད་རང་ལ་གྲོགས་པོ་གཞན་ཞིག་གི་གློག་འཕྲིན་ཁ་བྱང་ཐོག་དེའི་སྐོར་ནས་ཚིག་འགའ་བསྐུར་ཡོང་ཞེས་བརྗོད་སོང་། རྗེས་ནས་ཁོང་གིས་བསྐུར་ཡོང་བའི་གློག་འཕྲིན་ནང་གི་འཕྲིན་ཡིག་ནི་འདི་རེད།

༼གྲོགས་པོ་ལགས།  སྐུ་བདེའམ། སྐད་ཆ་དམར་པོའི་སྐོར་ཁ་པར་ནང་གླེང་ན་ང་རང་ལ་ཉེན་ཁ་ཆེ་སྟབས། ཁ་པར་ནང་བཤད་མ་ཐུབ་པས་དགོངས་དག་ཞུ། སྐད་ཆ་དམར་པོ་ནི་ཉེ་ལམ་༧སྐྱབས་མགོན་མཆོག་གི་སྐུ་ཚབ་རྒྱ་ནག་ཏུ་ཕེབས་ཡོད་པའི་སྐོར་དང་། བོད་དོན་སྐོར། དེ་བཞིན་ན་ནིང་དོ་ཚིགས་ལ་འཛིན་བཟུང་བྱས་པའི་བོད་མི་དེ་དག་གི་སྐོར་སོགས་རེད། ད་དུང་ཡང་གོ་སྐབས་འདི་བརྒྱུད་ནས་བརྗོད་འདོད་པ་ཞིག་ནི། རྔ་བ་སྒོ་མང་དགོན་གྱི་ནང་། ཕྱི་ཕྱོགས་ན་ཡོད་པའི་བརྙན་འཕྲིན་ཀུན་གླེང་ལྟ་བུ་དང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལྟ་བུ་ལ་ལྟ་ཉན་གང་ཡང་ཆོག་གི་མ་རེད། གལ་སྲིད་ལྟ་ཉན་བྱེད་ཀྱིན་ཡོད་པ་ཤེས་ཚེ། འགྲོ་ས་ཁྲིམས་ཁང་ནང་དང་། འདུག་ན་མུན་ནག་ནང་རེད། གནས་ཚུལ་འདི་བོད་ནང་གི་དགོན་སྡེ་སྤྱི་ཡོངས་ལ་ཁྱབ་ཡོད་པ་རེད།  དེ་འདྲ་བྱས་ནས་རྒྱ་ནག་གིས་དོན་གྱིས་དགེ་འདུན་པ་ཚོ་ཞ་ར་དང་འོན་པ་བཟོ་བཞིན་འདུག དེང་སྐབས་རང་གི་གྲོགས་པོ་ཡིན་ཡང་གཅིག་གཅིག་ལ་ཡིད་ཆེས་མེད་པ་ཆགས་འདུག དེའི་རྒྱུ་མཚན་གཙོ་བོ་རྒྱ་ནག་གིས་སྒོར་མོ་མང་བོ་སྤྲད་ནས་དགེ་འདུན་པའི་ནང་ཁུལ་ལ་གསང་ཉུལ་བ་མང་བོ་བཏང་ཡོད་པའི་རྐྱེན་གྱིས་རེད། དཔེར་ན། ཟླ་འགའི་སྔོན་ལ་གནས་ཚུལ་དེའི་ཐད་ནས་མཚོ་སྔོན་ཀླུ་ཚང་དགོན་པའི་དགེ་འདུན་པ་དགེ་ལེགས་དང་ཆོས་ཚའི་ཤེས་རབ་གཉིས་རྒྱ་ནག་གི་གསང་ཉུལ་བ་ཡིན་པ་དགེ་འདུན་པ་ཚོས་ཤེས་ནས་ཁོང་ཚོའི་བར་རྙོག་དྲ་ལྷག་པ་རེད།  ཁོང་གཉིས་རྒྱ་ནག་གི་གསང་ཉུལ་བ་བྱས་ནས་ལོ་ངོ་དགུ་ལྷག་ཅིག་འགྲོ་བཞིན་ཡོད་པ་རེད་ཟེར་གྱིན་འདུག དེར་བརྟེན། ཉེ་ལམ་ཀླུ་ཚང་དགོན་པའི་དགེ་འདུན་པ་རྣམས་ཀྱིས་མཚན་མོ་ཁོང་གཉིས་ཀྱི་གྲྭ་ཤག་ནང་རྡོ་གཞུས་པ་དང་སྒོ་ཁར་ཉེན་བརྡའི་ཡི་གེ་སྦྱར་བ། ད་དུང་ཚོགས་འཚོགས་དུས་ཁོང་གཉིས་ཡོད་ས་ནས་དགེ་འདུན་པ་ཚོ་མ་བཞུགས་པར་ཕར་ཚུར་གཞོལ་ནས་རྣམ་འགྱུར་ངན་པ་མང་བོ་བསྟན་སྟབས། ཁོང་གཉིས་ཀྱང་འུ་ཐུག་སྟེ། དགོན་པ་ནས་དགོངས་ཞུ་བྱས་ནས་ས་ཁུལ་གཞན་དུ་གནས་སྤོར་དགོས་པའི་གནས་ཚུལ་ལྷག་ཡོད་པ་རེད། རྒྱ་ནག་གིས་དེ་འདྲ་བྱས་ནས་དགོན་པའི་ནང་ཁུལ་ལ་དཀྲུགས་ཤིང་དང་རྙོག་དྲ་མང་བོ་བཟོ་བཞིན་ཡོད་པ་རེད།  ཨོ་ད་འདི་ནས་མཚམས་འཇོག་དགོས་བྱུང་སོང་།  དྲ་རྒྱ་ཁང་འདིའི་ནང་ཡང་ཁྱི་སྤྱང་འགའ་སླེབས་སོང་། བདེ་མོ་བྱོས། མགོ་ལོག་དགའ་བདེ་རུ། རང་དབང་མེད་པའི་མི་ཞིག་གིས།༽ ཞེས་ངའི་གློག་འཕྲིན་ནང་ཁོང་གིས་དངངས་འཚབ་ངང་བྲིས་པའི་སེམས་ཚོར་འདི་བསྐུར་འདུག

ཡང་མི་སྣ་གཞན་ཞིག་གིས་བརྗོད་པ་ལྟར་ན། དེང་སྐབས་རྔ་བ་ཁུལ་དུ་དྲ་ཁང་ནང་དགེ་འདུན་པ་ཚོ་གང་འདོད་དུ་སོང་མི་ཆོག་པ་དང་། དྲ་ཁང་ནང་དུས་ཚོད་གཅིག་ལྷག་འདུག་དགོས་ཚེ་འབྲེལ་ཡོད་ཉེན་རྟོག་པའི་ལག་ནས་དགོངས་ཞུའི་ཡི་གེ་ཞིག་ལེན་དགོས་པའི་རྙོག་དྲ་མང་བོ་འདུག་ཟེར།  ཁོང་ལ་དེང་སྐབས་བོད་ཁམས་ཡོངས་ཀྱི་བདེ་འཇགས་དང་རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་འགྱུར་ལྡོག་སྐོར་དྲིས་པར་ཁོང་གིས། ཉེ་ལམ་དགོན་པའི་དགུན་ཁའི་གུང་གསེང་དང་བསྟུན་ནས་ང་རང་ཕ་ཡུལ་དུ་སོང་བ་ཡིན།  ངའི་ཕ་ཡུལ་མཚོ་སྔོན་པའི་ལྷོ་ཕྱོགས་རེད། ང་ཚོའི་སྡེ་བ་ལ་འགྱུར་ལྡོག་ཆེན་པོ་བྱུང་འདུག  དཔེར་ན་མི་མང་གི་འགྲོ་འདུག་ནས་བཟུང་སྟེ། འགྱུར་ལྡོག་ཆེན་པོ་བྱུང་འདུག  དེང་སྐབས་ལོ་གསར་ལ་སླེབས་གྲབས་ཡོད་སྟབས་མི་ཚང་མ་ཕྱིར་སྡེ་བའི་ནང་ཡོང་འདུག དེ་མ་གཏོགས་ནམ་རྒྱུན་སྡེ་བའི་ནང་རྒན་རྒོན་དང་བྱིས་པ། བུད་མེད་སྦྲུམ་མ་ཚོ་མ་གཏོགས་འདུག་མཁན་ཡོད་པ་མ་རེད་ཟེར། གང་ཡིན་ཟེར་ན། རྒྱ་ནག་གིས་ང་ཚོའི་སྡེ་བའི་ཕྱུགས་ཟོག་མང་ཤོས་བཙོང་གི་བཅུག་ཡོད་སྟབས། ཕོ་གསར་མོ་གསར་ཚོ་ཕྱི་ལོག་ལ་ལས་ཀར་འགྲོ་དགོས་ཀྱིན་འདུག  དེ་འདྲ་མ་བྱས་ན། ཁ་སོས་ཀྱིན་ཡོད་པ་མ་རེད། སྔོན་མ་ཡིན་ན། རང་གི་སྒོ་ཕྱུགས་ལ་བརྟེན་ནས་ཁ་གསོ་གི་ཡོད་པ་རེད། དེ་རིང་སང་ཉིན་རྒྱ་ནག་གིས་སྒོ་ཕྱུགས་བཙན་གྱིས་བཙོང་གི་བཅུག་སྟབས། ཕྱི་ལོག་ལ་ལས་ཀ་མ་སོང་ན་འཚོ་བ་ལ་དཀའ་ངལ་འཕྲད་ཀྱིན་ཡོད་པ་རེད། མང་ཚོགས་ཀྱི་འདུག་ས་རྒྱལ་ཁབ་ཀྱིས་སྡོད་ཁང་གསར་བ་བརྒྱབས་འདུག  ཡིན་ནའང་། མི་མང་གི་འཚོ་བ་ལ་སྔར་ལས་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་རེད། རྒྱལ་ཁབ་ཀྱིས་ཀྱང་མི་མང་གི་དཀའ་ངལ་ཤེས་ནས་འཚོ་བའི་དཀའ་ངལ་སེལ་ཐབས་ལ་སྒོར་མོ་མང་བོ་སྤྲད་ཀྱིན་ཡོད་ཀྱང་། མི་མང་གི་ལག་ལ་བརྒྱ་ཆའི་བཅུ་མ་གཏོགས་འབྱོར་གྱིན་མི་འདུག་ཟེར།

འབྲོག་རུ་ཆོས་གྲགས་ཀྱིས་སྤེལ།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

9 thoughts on “དོན་གྱིས་གྲྭ་བ་ཚོ་ཞ་ར་དང་འོན་པ་བཟོས་པ་རེད།