ཕྱི་ནང་གི་དྲ་རྒྱར་བཀག་སྡོམ།

རྒྱ་ནག་གི་དྲ་རྒྱ་བལྟ་ཀློག་བྱེད་མཁན་དག་གིས་ཤེས་ཚོར་བྱུང་བར།  ཕྱི་ཚེས་ ༢༧ ཉིན་ཕྱིའི་རྒྱལ་ཁབ་དག་ཏུ་རྒྱ་ནག་གི་དྲ་རྒྱ་དག་ཀློག་མི་ཐུབ་པར་གྱུར་ཡོད་པ་རེད།  པེ་ཅིན་གྱི་གསར་འགོད་པ་ལིན་ཕིན་གྱིས་ཀྱང་རང་ཉིད་ཀྱི་དྲ་ཚིགས་ཟིན་བྲིས་སུ་གནས་ཚུལ་བཀོད་དེ།  ཟླ་ ༡ པོའི་ཚེས་ ༢༧ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༥ དང་ཕྱེད་ཀ་ཙམ་ནས་ཕྱིའི་རྒྱལ་ཁབ་དག་ནས་རྒྱ་ནག་གི་དྲ་རྒྱ་ཁག་ཀློག་མི་ཐུབ་པར་གྱུར་ཡོད་པ་དང་།  སྐར་མ་གཉིས་ལྷག་གི་རྗེས་ནས་ཞིན་ཧྭ་དྲ་བ་དང་མི་དམངས་དྲ་བ་གཉིས་ཀློག་ཐུབ་པར་གྱུར་ཡོད་ནའང་།  གཞན་པའི་དྲ་བ་དག་སྐར་མ་ ༢༠ རིང་ལ་ཀློག་མི་ཐུབ་པར་གྱུར་ཡོད་པ་མ་ཟད།  ཁེའུ་ཁེའུ་གླེང་མོལ་ཀྱང་སྒོ་ཕྱེ་མི་ཐུབ་པར་གྱུར་འདུག་ཅེས་བཀོད་ཡོད་པ་རེད། གཞན་ཡང་ཉི་ཧོང་དུ་གནས་སྡོད་རྒྱ་རིགས་ཤིག་གིས་ཀྱང་གསར་ལམ་ཁག་ཏུ། ཉིན་དེའི་ཞོགས་པའི་ཆུ་ཚོད་ ༤ ་དང་སྐར་མ་ ༡༣ ནས་བཟུང་རྒྱ་ནག་གི་དྲ་རྒྱ་ཁག་ཀློག་མི་ཐུབ་པར་གྱུར་འདུག་ཅེས་བརྗོད་ཡོད་པ་རེད།  

དྲ་རྒྱ་ཆེད་མཁས་པ་དག་གིས་དབྱེ་ཞིབ་བྱས་པ་ལྟར་ན། དེ་ནི་རྒྱ་ནག་གིས་ཕྱི་རྒྱལ་ཁག་ཏུ་རྒྱ་ནག་ནང་ཁུལ་གྱི་དྲ་བ་བསྔོགས་བཤེར་བྱེད་པ་སྒྲིབ་འགོག་བྱེད་ཐུབ་མིན་གྱི་དྲ་རྒྱའི་ལག་རྩལ་ཚོད་ལྟ་བྱས་པ་ཞིག་ཡིན་པ་དང་། མ་འོངས་པར་རྒྱ་ནག་ནང་ལོག་ཏུ་དོན་རྐྱེན་སོགས་བྱུང་སྐབས་དྲ་རྒྱ་ཡོད་ཚད་ཕྱི་ཕྱོགས་སུ་སྒྲིབ་འགོག་བྱས་ཏེ།  ཕྱི་ཕྱོགས་ཀྱི་གསར་འགོད་པས་དྲ་རྒྱ་བརྒྱུད་རྒྱ་ནག་ནང་ཁུལ་གྱི་གནས་ཚུལ་ཤེས་རྟོགས་བྱ་མི་ཐུབ་པ་བཟོ་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་ཡོད། 

མིང་བརྗོད་འདོད་མེད་པའི་རྒྱ་ནག་གི་གནས་འཕྲིན་དྲ་བའི་འགོག་སྲུང་མ་ལག་ GFW ལས་བཟོ་བ་ཞིག་གིས་ཕྱི་ཚེས་ ༢༦ ཉིན་གསར་ལམ་ཁག་ཏུ་གནས་ཚུལ་བརྗོད་དོན། རྒྱ་ནག་གཞུང་གིས་ GFW མ་ལག་གཙོས་པའི་དྲ་བ་སྟངས་འཛིན་གྱི་ལག་རྩལ་སྔར་ལས་གཙུགས་སུ་འཛིན་བཞིན་ཡོད་པ་དང་། རྒྱ་ནག་དབུས་གཞུང་གི་མཐོ་རིམ་དཔོན་རིགས་ཁག་ཉེ་སྔོན་  GFW མ་ལག་གཙོ་སྒྲུབ་ལྟེ་གནས་སུ་རྟོག་ཞིབ་བྱེད་དུ་ཡོང་སྟེ།   མ་འོངས་པར་ GFWམ་ལག་སྤྱད་དེ་རྒྱ་ནག་གཞུང་གིས་དྲ་བར་སྟངས་འཛིན་བྱེད་པའི་ལག་རྩལ་ཚད་ངེས་ཅན་དུ་སླེབས་སུ་འཇུག་དགོས་པའི་སྐོར་བརྗོད་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

One thought on “ཕྱི་ནང་གི་དྲ་རྒྱར་བཀག་སྡོམ།

  1. བྲག་མགོ་དཀོན་མཆོག་དར་རྒྱས།

    རྒྱ་ནག་གི་གསང་བའི་སྒོ་ནས་ལོ་སྔོན་མ་ཞིག་ནས་དེ་ལྟར་དྲྭ་གནས་ཁག་བཀག་འགོག་གི་ཐབས་ལམ་སྣ་མང་འཐེན་བཞིན་ཡོད་པ་ཙམ་དུ་མ་ཟད།
    བོད་ནང་དུ་ཁ་པར་དང་དྲྭ་གནས་སོགས་གློ་བུར་དུ་མཚམས་འཇོག་བྱེད་ཆོག་ཆོག་བཟོས་ནས་བཞག་ཡོད་པ་ནི་ཚང་མའི་མཁྱེན་གསལ་རེད།
    ཁོང་ཚོའི་དུས་རབས་ཉེར་གཅིག་པའི་ནང་་་བསམ་བློ་ཡར་ཐོན་ཅན་ཚང་མའི་དྲྭ་གནས་སོགས་ལས་བློ་རྒྱ་འཕེལ་བ་་་འཛམ་གླིང་གནས་ཚུལ་རག་རོམ་ཙམ་ཤེས་ཀྱི་ཡོད་པའི་རྐྱེན་གྱིས་ཡིན་ངེས།
    ད་ལྟའི་ཆར་རྒྱ་ནག་གི་དེ་ལྟར་དེ་དག་གིས་སྐོར་ལ་ཚོད་ལྟ་དང་།
    མ་འོང་པར་རྒྱ་ནག་རང་གི་་གསང་བ་ཕྱི་རོལ་དུ་མི་འགྲོ་ཐབས་སྣ་ཚོགས་བེད་སྤྱོད་བཞིན་ཡོད་པ་སྨྲོས་མེད་ཡིན་ནོ།