གནམ་ས་གོ་འབྱེད།

དུས་རབས་གཉིས་ཀྱི་དཀྱོགས་མཚམས་ཀྱི་བོད་པའི་མི་རབས་གསར་བར་རྟོག་སད་ཀྱི་ཀི་རིང་འདེབས་མཁན། གསར་རྙིང་གཉིས་ཀྱི་སྣོལ་མཚམས་ཀྱི་བོད་པའི་རིག་གནས་སྣང་ཚུལ་ལ་དོགས་སློང་གི་སྙིང་སྟོབས་སྤེལ་མཁན། ཤར་ནུབ་གཉིས་ཀྱི་སོ་མཚམས་ཀྱི་བོད་པའི་བསམ་བློའི་རིན་ཐང་ལ་དཔྱོད་ཤེས་ཀྱི་རྒྱང་འབོད་གཏོང་མཁན། ལྷ་མི་གཉིས་ཀྱི་དབྱེ་མཚམས་ཀྱི་བོད་པའི་མི་ཆོས་ཀུན་སྤྱོད་ལ་གསར་བརྗེ་ཡི་བསྒྲགས་གཏམ་སྤེལ་མཁན་རྩོམ་པ་པོ་སྐུ་ཞབས་ཞོགས་དུང་ངམ། མིང་དངོས་ལ་བཀྲ་རྒྱལ་ལགས་ཀྱིས་ ༢༠༠༨ ལོའི་བོད་མིའི་ཞི་བའི་འོས་ལངས་ཆེན་མོར་བསྐྱར་དུ་བསམ་གཞིགས་གཏིང་ཟབ་བྱས་ཏེ། དོ་རྐྱེན་དེ་ལ་ས་བྱི་ཞི་བའི་གསར་བརྗེ་ཞེས་པའི་ངོས་འཛིན་ཐོག ཁ་བྱང་ལ་༼ གནམ་ས་གོ་འབྱེད ༽ ཞེས་པའི་དཔེ་དེབ་ཅིག་གསར་དུ་བརྩམས་ཡོད་འདུག

 

དཔེ་དེབ་དེའི་སྔོན་གླེང་ནང་རྩོམ་པ་པོ་རང་ཉིད་ཀྱིས་བོད་མིའི་ཞི་རྒོལ་ལ་ངོས་འཛིན་སྟངས་དང་། མིང་འདོགས་སྟངས་སྐོར་རགས་ཙམ་བཀོད་དོན། ༢༠༠༨ ལོའི་བོད་ཀྱི་ཞི་བའི་གསར་བརྗེ་འདིར་དབང་སྒྱུར་བའི་ ༣ , ༡༤ དོན་རྐྱེན་དང་། ལྷ་སའི་དོན་རྐྱེན། ལྷ་སའི་ ༣ , ༡༤ དོན་རྐྱེན། ༣ , ༡༤ ལྷ་སའི་ཟིང་ཆ། ལྷ་སའི་ ༣ , ༡༤ རྡུང་གཅོག་འཕྲོག་སྲེག་དོན་རྐྱེན་སོགས་བཏགས་འདུག་པ་དང་། བོད་ཀྱི་གསར་ལམ་ཁག་དང་རྩོམ་པ་པོའི་ཁྲོད་དུ། ཞི་རྒོལ་ལས་འགུལ་ཆེན་མོ་དང་ས་བྱི་ཞི་རྒོལ་ཆེན་མོ། ཞི་བའི་འོས་འངས། སྒེར་ལངས། སྡེབ་ལངས་སོགས་བཏགས་མིང་གང་མང་འདུག་མོད། ཁོ་བོས་མིང་དེ་ལྟར་འདོགས་དོན་ནི། དབང་སྒྱུར་བའི་བཏགས་མིང་རྣམས་ཁྱབ་ཆུང་བ་དང་། ངོས་བཟུང་མེད་པ། ཕྱོགས་རེ་བའི་སྐྱོན་འདུག་ཅིང་། ཕལ་ཆེ་བ་ཕྱོགས་རེས་འཐེན་འཁྱེར་དང་གླེང་ཕྱོགས་ངན་དམོད་ཀྱིས་བཏགས་ཕྱིར། བཏགས་མིང་དོན་ལ་མི་གནས་པས་དབྱུགས། བོད་མིས་བཏགས་པ་ལྟར་ན། ཞི་བའི་གསར་བརྗེ་འདིར་རྩ་འཛུགས་ཡོད་པ་དང་། དམིགས་ཡུལ་ཡོད་པའི་དོན་ཅན་གྱི་ལས་འགུལ་གྱི་ཁྱད་ཆོས་མེད་པ་དང་། གཉའ་གནོན་པ་ལ་ངོ་རྒོལ་བྱས་པ་ཙམ་མ་ཡིན་པར་གྱེན་ལོག་གི་ཁྱད་ཆོས་འདུག་པ་དང་། ལོག་སྤྱོད་དབང་སྒྱུར་ལ་རྒོལ་ཕྱིར་ཐུན་མོང་གིས་དྲག་པོས་སྦྱོར་བ་བརྩམས་པའི་དོན་ཅན་གྱི་འོས་ལངས་མ་ཡིན་པར་ཞི་བའི་ཁྱད་ཆོས་འདུག་ཕྱིར། བཏགས་མིང་དེ་རྣམས་ཀྱང་དོར། ཁོ་བོས་དུས་ས་བྱི་དང་རྣམ་པ་ཞི་བ། ངོ་བོ་གསར་བརྗེ་སྟེ། རང་བྱུང་ཁམས་བཅོས་སྒྱུར་དང་སྤྱི་ཚོགས་བཅོས་སྒྱུར་ཁྲོད་གསར་བཅོས་ཆེན་པོ་བྱས་པ་དང་། སྤྱི་ཚོགས་ལམ་ལུགས་རྙིང་བ་གཏོར་ཏེ། སྤྱི་ཚོགས་གསར་བ་གཞི་ཚུགས་པར་བྱེད་པ་དང་། སྤྱི་ཚོགས་མདུན་སྐྱོད་འཕེལ་རྒྱས་གཏོང་བ་ཡིན། ཞེས་པའི་ཐ་སྙད་ཀྱི་མཚན་ཉིད་ལྟར་དང་། བོད་ཀྱི་གདགས་སྟངས་ལྟར་དང་། རྒྱལ་སྤྱིའི་ཡོངས་གྲགས་ཁྱབ་སྤྱོད་ཀྱི་བརྗོད་པ་དང་ཡང་བསྟུན་ཏེ། ས་བྱི་ཞི་བའི་གསར་བརྗེ་ཞེས་བཏགས་པ་ཡིན། ཞེས་བཀོད་འདུག

 

དཔེ་དེབ་འདིའི་ནང་དོན་ཚན་པ་བཞི་རུ་བགོས་ཡོད་པ་དང་། ཚན་པ་དང་པོ། དགའ་བའི་སྙིང་སྟོབས་ས་བོན་དགུ་འགྱུར་ཞེས་པའི་ནང་། ༼ གསར་བརྗེའི་དོན་སྙིང ༽ དང་། ༼ གསར་བརྗེའི་ཤུགས་རྐྱེན ༽ ༼ གསར་བརྗེའི་དམིགས་ཡུལ ༽ ༼ བདེན་མཐའ་གསལ་རྒྱུའི་རྟགས་མཐོང་བ ༽ སོགས་རྩོམ་ཡིག་བཞི་བཀོད་ཡོད་པ་དང་། ཚན་པ་གཉིས་པ། སྐྱོ་བ་དམ་དྲག་ལྕགས་ཐག་དགུ་སྒྲོག་ཅེས་པའི་ནང་། ༼ དབང་མཐའ་སྒེར་གཅོད་རིང་ལུགས་ཀྱི་ཁྱད་ཆོས ༽ དང་། ༼ བོད་ཡུལ་གཤིན་རྗེའི་བཤས་རར་བསྒྱུར་ཚུལ ༽ ༼ བོད་ཡུལ་བདུད་ཀྱི་བཙོན་རར་བསྒྱུར་ཚུལ ༽ ༼ བོད་ཡུལ་དམྱལ་བའི་ཁྲིམས་རར་བསྒྱུར་ཚུལ ༽ ༼ བོད་ཡུལ་འཇིགས་སྐུལ་འཐབ་རར་བསྒྱུར་ཚུལ ༽ བཅས་རྩོམ་ཡིག་ལྔ། ཚན་པ་གསུམ་པ། འཇིགས་པ་སྒེར་གཞུང་ཐལ་མཐའ་དགུ་འགྲིལ་ཞེས་པའི་ནང་། ༼ སྒེར་གཅོད་རིང་ལུགས་པའི་སྲིད་ཀྱི་གདུག་རྩུབ་དྲན་པས་འཇིགས་པ ༽ དང་། ༼ མི་རིགས་རིང་ལུགས་ཐལ་མཐའ་བར་ལྟུང་ཉེན་ལ་འཇིགས་པ ༽ ༼ ཁོ་བོ་མི་སྒར་གྱི་བདེ་སྡུག་ལ་དཔགས་པས་འཇིགས་པ ༽ ༼ མ་འོངས་སྔོན་རྟོག་གིས་འཇིགས་པ ༽ བཅས་རྩོམ་ཡིག་བཞི། ཚན་པ་བཞི་བ། བསླབ་པ་ཞི་བའི་ཐབས་ལམ་དགུ་གྲོལ་ཞེས་པའི་ནང་། ༼ སྤྱི་དམངས་ཀྱི་མི་རྟོན་པའི་ཐོབ་ཐང་ ༽ དང་། ༼ བདེན་པའི་ཨུ་ཚུགས་ཀྱི་ལྟ་སྤྱོད ༽ ༼ འཚེ་མེད་བསྟུན་མེད་ཀྱི་ལས་འགུལ ༽ ༼ མཐའ་དོན་གསལ་བཤད ༽ ༼ མཇུག་བསྡུ་བ ༽ བཅས་རྩོམ་ཡིག་ལྔ་བཅས་བཀོད་ཡོད་པ་དང་། གཞན་ཟུར་བཀོད་དང་པོར་༼ ཡོངས་ཁྱབ་རིན་ཐང ༽ དང་། ཟུར་བཀོད་གཉིས་པར་༼ འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས ༽ བཅས་ཁྱོན་བསྡོམས་རྩོམ་ཡིག་ ༢༠ དང་ཤོག་ངོས་ ༢༦༠ ལྷག་ཡོད་པ་གསལ་འདུག 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

11 thoughts on “གནམ་ས་གོ་འབྱེད།

  1. རེད། ཚང་མས་ཤེས་ཀྱི་ཡོད་རེད། རྒྱལ་ཁབ་གང་ཞིག་གི་ཁྲིམས་དང་འགལ་ན་ཁྲིམས་ཆད་ཡོད་པ།ཡིན་ཀྱང་ཤེས་བཞིན་འཇུག་མཁན་ལ་རིགས་གཉིས་ཡོད་དེ་གཅིག་ནི་བསམ་མེད་དགའ་དང་གཅིག་ཤོས་ནི་བློ་སྤོབས་རྒྱས་ཤིང་དཔའ་དངར་ཆན་དེ་རེད། ངའི་བསམ་ངོའི་ནང་ཞོགས་དུང་ཁོང་ཆོས་བྱེད་མཁན་དང་ཆོས་ཀྱི་ངོ་བོ་མ་འབྱེད་མཁན་ཞིག་དུ་མཐོང་གྱི་ཡོད་ཀྱང་ད་རེས་ཀྱི་དོན་རྐྱེན་དེས་ངའི་སེམས་ནང་ཁོ་ལ་རླབས་ཆེན་གྱི་མི་སྣ་ཞིག་གི་མཐོང་སླེབས་བྱུང་།

  2. བྲག་མགོ་དཀོན་མཆོག་དར་རྒྱས།

    འདིས་དཔེ་དེབ་འགང་ཆེན་འདི་ཇི་ལྟར་ང་ལ་རག་ཐུབ་བམ།
    ཀློག་འདོད་ཀྱི་འདུན་མ་ཧ་ཅང་ཆེན་པ་འདུག་