བཞུགས་སྒར་དུ་འཐུང་ཆུ་བསྲི་ཚགས་གནང་རོགས།

ཉིན་འགའི་སྔོན་མིང་བརྗོད་འདོད་མེད་པའི་གཞུང་ཞབས་ལས་བྱེད་ཅིག་གིས་འདི་གའི་གསར་འགོད་པར་ད་ལྟ་གངས་སྐྱིད་ཁུལ་དུ་འཐུང་ཆུའི་དཀའ་ངལ་འཕྲད་བཞིན་པར་མ་ཟད། དེ་ནི་ཆུ་གཏོང་མཁན་གྱིས་དུས་ལྟར་ཆུ་མ་བཏང་བར་བརྟེན་ནས་བྱུང་བ་ཡིན་ཚུལ་བརྗོད་སོང་ལ། ཕྱི་ཚེས་ ༢༧ ཉིན་གཞུང་དོན་ཞིག་གི་ཆེད་བོད་གཞུང་ནང་སྲིད་ལས་ཁུངས་སུ་བཅར་སྐབས། སྦྱར་བྱང་སྟེང་གསལ་བསྒྲགས་འགའ་སྦྱར་འདུག་པའི་ཁྲོད་ཀྱི་གཅིག་ནི་འཐུང་ཆུའི་དཀའ་ངལ་སྐོར་རེད་འདུག གསལ་བསྒྲགས་དེ་ནི་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱིས་སྤེལ་འདུག་ལ། གསལ་བསྒྲགས་དེའི་ནང་ལོ་ཤས་ནས་ངྷ་ས་ཁུལ་དུ་ཆུའི་དཀའ་ངལ་ཡོད་པ་བཞིན། འདི་ལོ་ཡང་དེ་ལྟར་དཀའ་ངལ་འཕྲད་དང་འཕྲད་མུས་ཡིན་པ་མ་ཟད།  ཉེ་ལམ་ས་གནས་ཚགས་ཤོག་ཅིག་གི་ནང་ཆུ་དང་འབྲེལ་བའི་གནས་ཚུལ་སྤེལ་བ་ལྟར་ན། གནམ་གཤིས་འགྱུར་ལྡོག་དབང་གིས་ངྷ་སའི་ཆུའི་འབྱུང་ཁུངས་དགུན་དུས་གངས་དང་དབྱར་དུས་ཆར་ཆུ་གཉིས་ལོ་རེ་བཞིན་དཀོན་པོ་ཆགས་པའི་རྐྱེན་གྱིས་ཆུ་ཉུང་བའི་དཀའ་ངལ་འཕྲད་བཞིན་པ་ལྟར། ས་གནས་ཀྱི་ཆུའི་ལས་ཁུངས་ནས་འདི་ལོའི་ཟླ་ ༣ པའི་ཟླ་མཇུག་བར་ཉིན་རེར་ཆུ་ཐེངས་གཅིག་ལ་མ་གཏོགས་གཏོང་ཐབས་མེད་པ་དང་། དེའི་རྗེས་ཆུ་དང་འབྲེལ་བའི་འཆར་གཞི་གསར་བ་ཞིག་བཟོ་འཆར་ཡོད་སྐོར་གསལ་འདུག

གངས་སྐྱིད་ཀྱི་ཆུའི་གནས་སྟངས་ལ་མཚོན་ན། ད་ལྟའི་ཆར་གངས་སྐྱིད་ཆུ་མཛོད་བསྐང་རྒྱུར་ས་གནས་གཞུང་གི་ཆུ་མཛོད་ནས་ཆུ་ཚོད་གཅིག་མ་གཏོགས་སྦག་སུ་དང་ནཱ་ངྷིའི་ཆུ་མགོ་ནས་ཆུ་ཐིགས་ཙམ་ལས་ཡོང་གི་མེད་པ་དེས་གངས་སྐྱིད་ཆུ་མཛོད་ཁེངས་རྒྱུ་ཤིན་ཏུ་དཀའ་བ་དང་། ཕྲན་བུ་ཡོད་པ་དེ་བཞིན་དབུས་ལས་ཁུངས་ཁག་དང་ལས་ཤག་བཅས་པར་བགོ་འདྲེན་བྱེད་སྐབས་ཆུ་ཤུགས་ཆུང་རྐྱེན་ཚང་མར་སྤྱི་སྙོམས་མི་སླེབས་པ་དང་། སྐབས་རེ་སླེབས་ནའང་ཉུང་ཉུང་ལས་མེད་པ་སོགས་ཆུའི་དཀའ་ངལ་འཕྲད་བཞིན་པའི་ཐོག དཀའ་ངལ་དེ་སེལ་ཐབས་སུ་ཉེ་ལམ་བྷེང་ལོར་ནས་ཆེད་ལས་པ་གདན་ཞུས་ཀྱིས་ཆུ་རྩའི་གནས་སྟངས་ལ་བརྟག་དཔྱད་བྱས་པའི་སྙན་ཐོར། ས་འོག་ཆུ་རྩ་ཞན་པས་ཆུ་འཐེན་ནའང་ཕན་ཐོགས་ཡོང་གི་མེད་པ་གསལ་བོ་འདུག་པ་སོགས་ཀྱིས། ང་ཚོ་ཚང་མས་ཆུའི་རིན་ཐང་དང་དཀའ་ངལ་དྲན་པའི་ཐོག་ནས་རྒྱུན་དུ་ཆུ་བེད་སྤྱོད་མཁས་པོ་དང་ལས་ཤག་ཕན་ཚུན་བསམ་ཤེས་བསྟུན་མཁས་གནང་གལ་བཅས། མདོ་དོན་ཆུ་གང་ཡོད་པ་བསྲི་ཚགས་གནང་རྒྱུ་སྣང་མེད་ལྷོད་གཡེང་དུ་མི་འགྲོ་བ་སོགས་ཀྱི་འབོད་སྐུལ་བྱས་ཡོད་འདུག

དེ་བཞིན་ཕྱི་ཚེས་ ༢༨ ཉིན་གྱི་ཞོགས་པར་འདི་གའི་གསར་འགོད་པས་འབྲེལ་ཡོད་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་ཆུའི་སྡེ་ཚན་འགན་འཛིན་ཚེ་རིང་དབྱངས་སྐྱིད་ལགས་སུ་དེའི་སྐོར་བཀའ་འདྲི་ཞུས་པར་ཁོ་མོས་གསུངས་དོན།
ད་ལྟ་གངས་སྐྱིད་ཀྱི་ཆུའི་ཡོང་ཁོངས་ནི་ས་གནས་ཡུལ་མིའི་ཆུ་མཛོད་གཅིག་ཡོད་པ་དེ་ཡིན་ནའང་།  འདས་པའི་ཉིན་འདི་འགར་རྒྱ་གར་གྱིས་ཁོང་ཚོས་བཀག་སྐྱིལ་བྱས་པའི་ཆུ་མཛོད་ཡང་ཁེངས་ཀྱི་མེད་སྟབས། ང་ཚོ་ལ་ཉིན་ལྟར་དུས་ཚོད་གཅིག་རེ་མ་གཏོགས་ཆུ་གཏོང་ཐུབ་ཀྱི་མི་འདུག་ཟེར། སྤྱིར་ཆར་དུས་ལྟ་བུ་ཡིན་ན་ཁོང་ཚོས་ང་ཚོར་ཆུ་སྦུག་བཅུ་བརྒྱུད་དེ་ཆུ་སྤྲོད་ཀྱིན་ཡོད་པ་མ་ཟད། ཁོང་ཚོའི་ཆུ་མཛོད་ཁེངས་ཏེ་ཆུ་ཕྱི་ལོགས་སུ་བཞུར་ཡོང་སྐབས་དེ་ནས་ཀྱང་ཆུ་སྦུག་ཅིག་དྲུད་ཡོད་པ་རེད། དེ་བཞིན་ཆུ་ཡོད་དུས་ཆུ་ཚོད་གསུམ་རེ་གཏོང་གི་ཡོད་ནའང་། ད་ལྟ་ཆུ་ཚོད་གཅིག་ལས་སྤྲོད་ཀྱི་ཡོད་པ་མ་རེད་ཅེས་གསུངས་སོང་། ཁོ་མོར་དཀའ་ངལ་འདི་མུ་མཐུད་འབྱུང་བའི་དབང་དུ་བཏང་ན་བཙན་བྱོལ་བོད་གཞུང་གི་ངོས་ནས་འདིའི་སྐོར་ལ་ཐབས་ལམ་གཞན་པ་འདྲ་འཚོལ་གྱིན་ཡོད་མེད་སྐོར་བཀའ་འདྲི་ཞུས་པར་ཁོ་མོས་གསུངས་དོན། ཉེ་ཆར་ང་ཚོས་བྷེང་ལོར་དུ་ཆུ་དཔྱད་ཆེས་མཁས་པ་གདན་ཞུས་ཀྱིས་གནས་ཚུལ་རྒྱུས་ལོན་བྱེད་སྐབས་ནཱ་ངྷིའི་ཆུ་མགོ་ཡོད་ས་ནས་འཐེན་པའི་ཆུ་སྦུག་ཅུང་སྦོམ་རུ་བཏང་ན། ཆུ་མགོ་དེ་རུ་ཆུ་མང་བོ་ཡོད་སྐོར་བརྗོད་ཀྱི་འདུག་མོད། ངྷ་སའི་ཆུའི་འབྱུང་ཁུངས་གཙོ་བོ་དབྱར་གྱི་ཆར་དང་དགུན་གྱི་གངས་ལས་མེད་སྟབས། གལ་སྲིད་གངས་དང་ཆར་བ་དུས་ལྟར་མ་བབ་ཚེ་མུ་མཐུད་དཀའ་ངལ་འཕྲད་ངེས་རེད་ཅེས་བརྗོད་ཡོད།

དེ་སྔོན་ནཱ་ངྷིའི་ཕར་ཕྱོགས་ཀྱི་ཀ་ཅལ་རེའི་ལ་ཟེར་ས་ཞིག་ནས་ཆུ་འཐེན་ཡོད་ཀྱང་། དེ་ལ་ལྟ་རྟོག་བྱེད་དུ་འགྲོ་དུས་ཤིང་ནགས་མཐུག་པོའི་དཀྱིལ་ནས་འགྲོ་དགོས་པ་དང་། ལས་ཀ་བྱེད་མཁན་རྒྱ་གར་ཡུལ་མི་བཞི་ཡོད་པས་གཅན་གཟན་གྱི་ཉེན་ཁ་འདུག་བརྗོད་ཀྱིན་འདུག ཆུ་སྦུག་ཀྱང་དབྱར་གྱི་ཆར་དང་དགུན་གྱི་གངས་བརྒྱབ་སྐབས་ས་ཉུལ་བྱུང་སྟེ་འཕྲོ་བརླག་ཏུ་བཏང་ཚར་འདུག་པས། གལ་སྲིད་ཉམས་གསོ་བྱས་ནའང་ལྟ་རྟོག་བྱེད་དུ་འགྲོ་མཁན་རེག་གི་ཡོད་པ་མ་རེད་ཅེས་སོགས་ལན་འདེབས་གནང་།

དེ་བཞིན་འདི་ལོར་གངས་མ་བརྒྱབས་པར་བརྟེན་ནས་འཐུང་ཆུའི་དཀའ་ངལ་ཤུགས་ཆེར་འཕྲད་སྲིད་པ་དང་རྒྱ་གར་གཞུང་གིས་ཀྱང་། ཕྱི་ཟླ་ ༣ པའི་ཟླ་མཇུག་བར་ཉིན་རེར་ཐེངས་རེ་མ་གཏོགས་ཆུ་གཏོང་ཐུབ་ཀྱི་མི་འདུག དེའི་རྗེས་ཞིབ་འཇུག་དང་ཐབས་ལམ་གཞན་པ་འཚོལ་རྒྱུ་ཡིན་ཚོད་འདུག་ཅེས་དང་། ཁོ་མོས་མུ་མཐུད་བརྗོད་དོན། གནད་དོན་གཏེ་བ་ནི་མི་ལོ་སུམ་ཅུའི་ཡར་སྔོན་དང་བསྡུར་ན་ངྷ་སར་གནས་སྡོད་བྱེད་མཁན་ཧ་ཅང་མང་དུ་ཕྱིན་ཅིང་། ཆུ་འཐེན་མཁན་མང་དུ་འགྲོ་བཞིན་པར་བརྟེན་ཆུའི་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད་ལ། ངྷ་སའི་མི་གྲངས་མུ་མཐུད་མང་དུ་འཕར་ན་འཐུང་ཆུའི་ཐོག་དཀའ་ངལ་ཤུགས་ཆེར་འཕྲད་རྒྱུ་རེད། ཡིན་ནའང་། རྒྱ་གར་གཞུང་ངོས་ནས་འདིའི་ཐོག་ཞིབ་འཇུག་བྱ་རྒྱུ་ཡིན་འདུག་ཅེས་འགྲེལ་བརྗོད་གནང་ཡོད།

ཕྲན་ཁོ་མོའི་སར་བཅར་སྐབས་ཁོ་མོ་བྲེལ་འཚུབ་ངང་ཕྱག་ལས་གནང་གི་འདུག་ལ། ཅུང་ཙམ་རྗེས་ནས་ས་གནས་ཆུའི་ལས་ཁུངས་སུ་གངས་སྐྱིད་ཁུལ་དུ་ཉིན་རེར་ཆུ་ཚོད་གསུམ་ལ་ཆུ་གཏོང་ཐུབ་མིན་གྱི་གནད་དོན་ཐད་གྲོས་བསྡུར་བྱ་རུ་འགྲོ་དགོས་ཀྱི་ཡོད་ཟེར།
ངྷ་ས་ཀིརྟིའི་གྲྭ་ཚང་གི་གྲྭ་བསམ་བསྟན་དང་ཚེ་མཆོག་གླིང་གི་གྲྭ་ཤེས་རབ་གཉིས་ཀྱིས་འགྲེལ་བརྗོད་བྱས་པ་ལྟར་ན། ད་ལྟའི་དུས་འདིར་ཆར་བ་རྒྱག་པ་ལས་ངེས་པར་དུ་གངས་རྒྱག་དགོས་ཤིང་། ཆར་བརྒྱབ་ཀྱང་ལམ་སེང་བཞུར་འགྲོ་བའི་གངས་བརྒྱབས་ཚེ་ས་གཞི་རླན་གྱིས་བཟུང་སྟེ། དབྱར་གྱི་དུས་སུ་འཐུང་ཆུ་འབེལ་བོ་ཆགས་ཀི་རེད། དེ་མིན་དབྱར་དུས་འདི་ལས་ཀྱང་དཀའ་ངལ་ཤུགས་ཆེར་འཕྲད་ངེས་རེད་ཅེས་གསུངས་ཡོད་ལ། དེ་ནི་ད་ལྟ་ནས་དབྱར་གྱི་འཐུང་ཆུའི་སྐོར་ལ་སེམས་ཚབས་ཆེན་པོ་གནང་བ་ཞིག་ཀྱང་རེད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

8 thoughts on “བཞུགས་སྒར་དུ་འཐུང་ཆུ་བསྲི་ཚགས་གནང་རོགས།

  1. ཀརྨ་རྡོ་རྗེ།

    དེང་སང་གི་རྡ་སའི་ཆུ།

    གངས་རི་ཡོད་ཀྱང་གངས་ཆུ་མེད། །
    རྫ་རི་ཡོད་ཀྱང་རྫ་ཆུ་དཀོན། །
    ཤིང་རི་ཡོད་ཀྱང་ཤིང་ཆུ་ཉུང་། །
    རྒྱུགས་ཆུ་ཡོད་ཀྱང་འཐུང་རྒྱུ་མེད། །

    ཆུའི་ལྷ་མོ་གསོལ་རན་འདུག །

  2. ཆུ་ཐིགས་སྔོན་མོ་ལགས་ཀྱིས་ངའི་བསམ་ཚུལ་རྒྱབ་སྐྱོར་བྱས་པར་དགའ་ཡོད། ད་ཐེངས་ཨུ་གཉིས་ཀྱི་བསམ་ཚུལ་མཐུན་ཡོད་ས་རེད།
    མི་མང་གི་འཚོ་བའི་གནས་སྟངས་མང་པོ་བཤད་ཐུབ་ན་གངས་སྐྱིད་པ་ཚོས་ཅུང་བསམ་ཤེས་ན་ཐང་ཡ། གངས་སྐྱིད་ཀྱི་མི་འདི་ཚོ་དངོས་གནས་ཐེབས་ཆག་རེད་ཡ།