བོད་རྒྱ་འབྲེལ་མོལ་ཐེངས་དགུ་བའི་སྐུ་ཚབ་རྣམ་པ་ཕྱིར་བཞུགས་སྒར་ངྷ་རམ་ས་ལར་འབྱོར་ཏེ། དེ་རིང་སྔ་དྲོ་༧གོང་ས་མཆོག་དང་བཀའ་བློ་ཁྲི་པ། བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་བཅས་སུ་འབྲེལ་མོལ་ཐེངས་དགུ་བའི་ནང་དོན་ཁག་སྙན་གསེང་ཞུས་ཡོད་པ་དང་། ཉིན་རྒྱབ་ཆུ་ཚོད་ ༣ སྟེང་གངས་སྐྱིད་སྤྱི་ཐབ་ཐོག་ཁང་དུ་བོད་པ་དང་རྒྱ་གར་ཕྱི་རྒྱལ་བཅས་ཀྱི་གསར་འགོད་པ་ ༥༠ ལྷག་ལ་ཡོངས་ཁྱབ་ཀྱི་གསར་འགོད་བསྒྲགས་ཤིག་བསྐྱངས་ཡོད་པ་དང་། སྐབས་དེར་བོད་གཞུང་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་བརྗོད་གཞིའི་ནང་དོན་གནད་བསྡུས་དབྱིན་ཡིག་ཐོག་སྒྲོག་འདོན་གནང་ཞིང་། དེའི་རྗེས་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་གཉིས་ཀྱིས་གསར་འགོད་པ་དག་གི་དྲི་བར་ལན་འདེབས་གནང་སོང་།
གསར་འགོད་པས་རྒྱ་ནག་པེ་ཅིན་དང་བཙན་བྱོལ་བོད་གཞུང་གཉིས་ཕྱོགས་ནས་གྲོས་མོལ་གྱི་སྒོ་མོ་ཕྱེས་ཡོད་སྐོར་ཡང་ཡང་བརྗོད་ཀྱང་། ད་བར་ཟླ་བ་ ༡༥ རིང་གྲོས་མོལ་བསྐྱར་མཐུད་བྱས་མ་ཐུབ་དོན་ཅི་ཡིན་སྐོར་དྲིས་པར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་ལན་འདེབས་གནང་དོན། ཟླ་བ་བཅོ་ལྔའི་རིང་འགོར་འགྱངས་བྱས་དོན། ང་ཚོའི་ངོས་ནས་ཕར་འབྲེལ་བ་བྱ་རྒྱུའི་ཐག་གཅོད་ཅིག་གནང་སྟེ། དུས་ཚོད་གང་འཚམ་རིང་འབྲེལ་བ་བྱས་པ་རེད། ཉེ་ཆར་རྒྱ་ནག་དབུས་གཞུང་གིས་བོད་སྐོར་ལ་ཚོགས་ཆེན་ཞིག་བསྐངས་ཏེ་ལས་དོན་མང་པོ་ཞིག་བསྒྲུབས་པ་རེད། དེ་ནི་འབྲེལ་མོལ་གལ་ཆེན་དུ་བརྩིས་ཤིང་། གྲ་སྒྲིག་ཞིབ་ཚགས་བྱས་ཏེ་དུས་ཚོད་གང་འཚམ་འགོར་སོང་བ་མིན་ནམ་སྙམ་ཡོད། དེ་རིང་བོད་པའི་གསར་ལམ་ཁག་བརྒྱུད་དེ་དམིགས་བསལ་གྱིས་ཞུ་རྒྱུ་ཞིག་ལ། ཐེངས་འདིར་བོད་རང་སྐྱོང་ལྗོངས་ས་གནས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་གཞོན་ཉི་མ་ཚེ་རིང་ལགས་ཕེབས་འདུག་པའི་གོ་སྐབས་བཟུང་སྟེ། མཚམས་རེར་རྒྱ་ནག་གཞུང་གིས་འཁྱོག་བཤད་བྱས་ཏེ། བོད་པས་སྤྱི་ཚོགས་རྙིང་པ་རོ་ལངས་རྒྱག་གིན་ཡོད་པ་རེད། ཏཱ་ལས་བླ་མས་ལམ་སྲོལ་རྙིང་པ་སླར་གསོ་བྱ་བསམ་པ་རེད། ངྷ་རམ་ས་ལར་ཡོད་པའི་བཙན་བྱོལ་གཞུང་དེ་བོད་ནང་སྤོར་འཛུགས་ཀྱིས་བོད་ནང་དབང་སྒྱུར་བྱ་རྒྱུ་རེད་སོགས་ཟེར་གྱིན་ཡོད། དེ་དག་རྩ་བ་ནས་བདེན་པ་མ་རེད། སྤྱི་ཚོགས་རྙིང་པ་རོ་ལངས་རྒྱག་རྒྱུ་ང་ཚོའི་རྨི་ལམ་ནང་དུའང་མེད། དེ་ནི་གཞི་རྩ་མེད་པའི་སྐད་ཆ་རེད། ངྷ་རམ་ས་ལའི་གནས་སྟངས་ཁྱེད་ཅག་གིས་གཟིགས་ཆོག་ཆོག་ཡོད། ༧རྒྱལ་བ་རིན་པོ་ཆེ་ཡིས་སྤོབས་པ་དང་ལྡན་པའི་ཐོག་ནས་དམངས་གཙོ་ཚད་དང་ལྡན་པའི་སྒྲིག་འཛུགས་ཤིག་བཙུགས་ཡོད། དེ་བཞིན། བཙལ་བྱོལ་བོད་གཞུང་གི་སྒྲིག་འཛུགས་འདི་བོད་ནང་སྤོར་ཏེ་དབང་ཆ་འཛིན་རྒྱུའི་བསམ་པ་ཡང་རྩ་བ་ནས་ཡོད་པ་མ་རེད། སྐུ་ཚབ་ཀྱི་མིང་ཐོག་ནས་ཡོང་བའི་ངེད་གཉིས་རྒྱ་ནག་དང་བོད་ཀྱི་ས་ཁུལ་ཁག་ཏུ་ཕྱིན་ཏེ། བོད་རིགས་ལས་བྱེད་ཤེས་ཡོན་ཅན་དང་འཇོན་ཐང་ཅན་འདི་དང་འདི་འདུག་ཅེས་༧གོང་ས་མཆོག་ལ་ཞུས་ན། ཁོང་གིས་ཧ་ཅང་ཐུགས་དགྱེས་པོ་གནང་གིན་འདུག མ་འོངས་པར་བོད་པའི་འགན་འཁུར་མཁན་བོད་ནང་ཡོད་པ་ཁྱེད་རང་ཚོ་ཆགས་ཡོད་པ་རེད། ད་ལྟ་བོད་ནང་འདོད་པ་ཁེངས་ཀྱིན་མེད་པ་དག་ནི་ཁྱེད་ཅག་གིས་བཅིངས་གྲོལ་བཏང་ཡོད་ཟེར་བ་དེ་དག་རེད། སྲོག་ལ་མ་འཛེམས་པར་རྒྱ་གར་ནང་སྐྱབས་བཅོལ་དུ་ཡོང་མཁན་ཡང་བརྒྱ་ཆ་ ༨༠ ལྷག ཁྱེད་ཚོས་ནམ་རྒྱུན་ཡར་ལངས་ཞིང་བྲན་རེད་ཟེར་བ་དེ་ཚོ་རེད། བླ་དྲག་མི་དྲག་དང་འབྱོར་ལྡན་ཚོ་མ་རེད་ཅེས་བཤད་པ་ཡིན། ཞེས་གསུངས་སོང་།
ཡང་བོད་མིའི་སྐུ་ཚབ་སུས་མཚོན་མིན་གྱི་སྐོར་ཞིག་བཤད་ཀྱིན་འདུག དེའི་ལན་དུ་ངས་ཁྱེད་ཚོ་སྒེར་གྱི་སྟེང་ལ་མ་འཕོག་རོགས། ང་ཚོ་ཚང་མ་བོད་རིག་སྤུན་ཟླ་རེད། ཕན་ཚུན་ལ་གུས་ཞབས་བྱ་དགོས་པ་རེད། འོན་ཀྱང་། བོད་རྒྱ་ཆེའི་མི་དམངས་ཀྱི་ཚབ་བྱེད་ཐུབ་མཁན་༧རྒྱལ་བ་བསྟན་འཛིན་རྒྱལ་མཚོ་ལས་གཞན་མེད་པ་དངོས་ཡོད་གནས་ཚུལ་རེད། དེ་ལ་རྩོད་པ་ཡོད་པ་མ་རེད་ཅེས་བཤད་པ་ཡིན། ཉིན་འདི་འགར་རྒྱ་ནག་གིས “བྱས་མི་ཆོག་པ་བཞི” ཟེར་བ་ཞིག་བཤད་ཀྱིན་འདུག སྐད་ཆ་དེ་ལ་ཐད་ཀར་བསམ་བློ་བཏང་ན་དཀའ་ངལ་ཆེན་པོ་གང་ཡང་མི་འདུག ༧རྒྱལ་བ་རིན་པོ་ཆེ་ཡིས་དུས་རྒྱུན་ང་ཚོས་ཁ་བྲལ་བྱེད་ཀྱིན་མེད། ང་ཚོས་རྩ་ཁྲིམས་ལ་བརྩི་བཀུར་བྱེད་ཀྱིན་ཡོད་ཅེས་བཀའ་གསལ་བོ་གནང་གིན་ཡོད། འོན་ཀྱང་། ང་ཚོས་བོད་རིགས་ཡོངས་རྫོགས་འཛིན་སྐྱོང་གཅིག་གི་འོག་ཚུད་དགོས་ཟེར་སྐབས། ཁོང་ཚོས་དེ་ནི་རྩ་ཁྲིམས་དང་འགལ་བ་རེད་ཟེར་གྱིན་ཡོད། ཉེ་ཆར་རྒྱ་ནག་གི་དབུ་ཁྲིད་ཚོས་བོད་ཀྱི་ལས་དོན་ཐོག་ཚོགས་འདུ་ཚོགས་སྐབས། སྔར་དང་མི་འདྲ་བར་བོད་ཀྱི་ས་ཁུལ་ཡོངས་ནས་འཐུས་མི་སྐད་བཏང་སྟེ། མ་འོངས་པར་སློབ་གསོ་དང་ཁོར་ཡུག་སོགས་ཀྱི་གནད་དོན་ཐོག ཐག་གཅོག་གང་འདྲ་ཞིག་བྱས་ཀྱང་བོད་རིགས་ཡོངས་ལ་ཁྱབ་པ་ཞིག་བཟོས་ཡོད། དེ་ལ་༧གོང་ས་མཆོག་དང་བཙལ་བྱོལ་བོད་གཞུང་གིས་འདས་པའི་ལོ་མང་རིང་དགོས་འདུན་འདོན་གྱིན་ཡོད་པ་རེད། དེ་ནི་ང་ཚོས་རེ་འདུན་བཏོན་པའི་འབྲས་བུ་ཞིག་ཏུ་ངོས་འཛིན་བྱས་ཆོག་པ་རེད། ཅེས་གསུངས་སོང་།
ཡང་གསར་འགོད་པས་འབྲེལ་མོལ་རྒྱུན་མཐུད་ཐུབ་ཀྱིན་ཡོད་མེད་དང་། འབྲེལ་མོལ་ཐེངས་བཅུ་བའི་སྐོར་ལ་བཤད་མཚམས་ཡོད་མེད་དྲིས་པར་ཁོང་གིས། གཞི་རྩའི་འབྲེལ་མོལ་གནང་རྒྱུའི་ཐོག་ལ་འགྱུར་བ་གང་ཡང་ཡོད་པ་མ་རེད། ༧རྒྱལ་བ་རིན་པོ་ཆེ་ཡིས་དམ་བཅའ་བརྟན་བཟུང་བྱས་ཡོད་པའི་ལངས་ཕྱོགས་ཤིག་རེད། འོན་ཀྱང་། ག་དུས་ཤིག་ལ་འབྲེམ་མོལ་གནང་ཐུབ་མིན་དེ། ད་ལྟ་ཁོང་ཚོས་བཤད་པའི་སྐད་ཆ་དང་རྣམ་འགྱུར་ལ་ཞིབ་འཇུག་བྱ་དགོས་པ་རེད། ཐེངས་འདིར་ཁོང་ཚོར་གསལ་བོར་བཤད་ཡོད། བོད་མིའི་དཀའ་ངལ་སེལ་རྒྱུ་དེ་ཁྱེད་ཅག་གི་སྟོབས་ཤུགས་གཅིག་པུས་ཡོང་ཐབས་མེད། བོད་མི་ཚོའི་ཁ་དང་རྒྱབ་གཉིས་ཀའི་དཀའ་ངལ་སེལ་བས་འདང་གིན་མེད། སེམས་ནང་གི་བདེ་སྐྱིད་ཅིག་བསྐྲུན་དགོས་པ་རེད། དེ་ལ་༧རྒྱལ་བ་རིན་པོ་ཆེ་དང་རྒྱ་ནག་དབུས་གཞུང་མཉམ་འབྲེལ་ཐོག་གནང་དགོས་པ་ཞིག་རེད། ཅེས་བཤད་ཡོད། དེར་བརྟེན། འབྲེལ་མོལ་ཐེངས་བཅུ་བ་གནང་ཐུབ་མིན་དང་། ག་དུས་གནང་མིན་ཕར་ཕྱོགས་ཀྱི་རྣམ་འགྱུར་དང་བསམ་བློ་གཏོང་སྟངས་ལ་་བལྟ་དགོས་པ་རེད། ཅེས་གསུངས་སོང་།