ཁ་སང་ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་བྷེལ་བྷུལ་ཊོན་ཀྱིས་ལོ་འདིར་སྲིད་འཛིན་ཨོ་བྷ་མས་བོད་མིའི་དབུ་ཁྲིད་ཏཱ་ལའི་བླ་མར་མཇལ་འཕྲད་གནང་རྒྱུ་ཡིན་པ་དང༌། ཏཱ་ལའི་བླ་མ་ནི་རྒྱལ་སྤྱིའི་སྟེང་བརྩི་བཀུར་ཆེན་པོ་ཡོད་པའི་ཆོས་ལུགས་ཀྱི་དབུ་ཁྲིད་ཡག་པོ་ཞིག་རེད་ཅེས་པའི་གསལ་བསྒྲགས་དེར། དེ་རིང་ཞོགས་པ་རྒྱ་གཞུང་གིས་ངོ་རྒོལ་དང་མ་དགའ་བའི་རྣམ་འགྱུར་ཤུགས་ཆེན་བསྟན་འདུག
རྒྱ་གཞུང་གི་ངོ་རྒོལ་བསྒྲགས་གཏམ་དེའི་ནང་བཀོད་དོན། ཀྲུང་གོའི་རྒྱལ་ཁབ་ཀྱིས་རྒྱལ་ཁབ་གཞན་གང་ཞིག་གི་སྲིད་དོན་མི་སྣ་སུ་ཞིག་གིས་ཏཱ་ལའི་བླ་མར་མཇལ་འཕྲད་གནང་བ་ཡིན་ན། དེར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་པའི་ཐ་ཚིག་བསྒྲགས་ན་ཡང༌། ཕྱི་ཚེས་ ༢ ཉིན་ཨ་རིའི་སྲིད་འཛིན་ཨོ་པཱ་མས་སྔར་གྱི་འཆར་གཞི་ལྟར། ཏཱ་ལ་དང་མཇལ་འཕྲད་བྱ་རྒྱུ་ཡིན་པ་ར་སྤྲོད་བྱས་པ་རེད། འོན་ཀྱང་། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཨ་རིའི་རྒྱལ་ཁབ་ཀྱི་ཁེ་ཕན་རྒྱུན་འཁྱོངས་བྱེད་པའི་ལངས་ཕྱོགས་དེར་འགྱུར་བ་གཏོང་མི་སྲིད་ལ། དེ་དང་ལྷན་དུ་ཨ་རི་དང་ཀྲུང་གོ་གཉིས་ཀྱིས་ལྟ་བ་མི་མཐུན་པའི་གནད་དོན་ཐད་བགྲོ་གླེང་བྱ་ཐུབ་པའི་རེ་བ་ཡོད་སྐོར་བསྟན་པ་རེད། ཅེས་བཀོད་འདུག