རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་སློབ་ཕྲུག་ཚོས་རྒྱ་ནག་གི་ཅ་དངོས་བེད་སྤྱོད་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་འདུག
ཕྱི་ཚེས་ ༣ ཉིན་རྒྱ་གར་གྱི་དུས་བབ་གསར་ཤོག་ཐོག་གནས་ཚུལ་བཀོད་གསལ་ལྟར་ན། རྒྱ་ནག་གིས་ཨ་རུ་ན་ཅལ་ཕྱོགས་ལ་ས་མཚམས་རྩོད་རྙོག་ལས་འཕྲོས་པའི་ཁོང་ཁྲོ་ཐེངས་མང་བསྟན་པའི་རྐྱེན་གྱིས་ཡུལ་དེའི་སློབ་ཕྲུག་ཚོགས་པས་པེ་ཅིན་གྱི་དཔལ་འབྱོར་གྱི་མཚོན་ཆ་ཆེ་ཤོས་ཏེ། རྒྱ་ནག་ནས་བཟོས་པའི་ཅ་དངོས་ཡུལ་དེར་ཕྱིར་བཙོང་བྱེད་པ་དེར་རྒོལ་ལན་ཚ་ནན་སྤྲོད་མི་ནུས་ཀྱང་། ཐབས་ལམ་སྟབས་བདེ་ཞིག་བརྒྱུད་དེ་ཕྱི་ཚེས་ ༢ ཉིན་ནས་མགོ་འཛུགས་ཀྱིས་ཚེས་ ༨ བར་རྒྱ་ནག་གིས་བཟོས་པའི་ཅ་དངོས་རིགས་བེད་སྤྱོད་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་གྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་རེད།
ངོ་རྒོལ་ལས་འགུལ་དེ་ནི་རྒྱ་ནག་གིས་ཁོང་ཁྲོ་ལན་མང་བསྟན་པར་ཚུར་ཕྱོགས་ནས་བརྡ་ལན་སྤྲད་པ་ཡག་ཤོས་དེ་ཆགས་ཡོད་པ་དང་། ཡིག་ཐོག་ནས་བྲིས་པའི་འབོད་སྐུལ་དེ་ནི་ཨ་རུ་ན་ཅལ་མངའ་སྡེའི་སློབ་ཕྲུག་ཁྱོན་ཡོངས་ནས་ཐུན་མོང་གིས་འབོད་སྐུལ་ཞུས་པ་ཞིག་ཡིན་ཚུལ་སློབ་ཕྲུག་མཉམ་འབྲེལ་མགོ་གཙོ་ Takam Tatung ཊ་ཁམ་ ཊ་ཐུང་ལགས་ཀྱིས་བརྗོད་ཡོད་འདུག་ལ། ཁོས་མུ་མཐུད་དོན། ང་ཚོ་ལས་འགུལ་བས་ཚོང་ཁང་རེ་རེ་ལ་ལྟ་སྐོར་བྱས་ཏེ་རྒྱ་ནག་གིས་བཟོས་པའི་ཅ་དངོས་སོགས་ངོས་བཟུང་བྱ་རྒྱུ་ཡིན་ཚུལ་ཀྱང་བརྗོད་ཡོད་འདུག
ཐེངས་འདིར་ཚོང་ལས་གཉེར་མཁན་ཚོས་ཀྱང་སློབ་ཕྲུག་གི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཚུལ་སློབ་ཕྲུག་ཚོགས་པས་བརྗོད་འདུག་ལ། ཁུལ་དེའི་བཟོ་ཚོང་ལས་ཁུངས་ཀྱིས་ཟླ་སྔོན་མར་སློབ་ཕྲུག་རྣམས་ལ་རེ་སྐུལ་ཞུས་པ་བཞིན་བཟོ་ཚོང་ལས་ཁུངས་ཚོར་རྒྱ་ནག་གི་ཅ་དངོས་ཕྱིར་སློག་གཏོང་རྒྱུའི་ཐད་དུས་ཚོད་འདང་ངེས་ཤིག་སྤྲད་ཡོད་པ་རེད།
སློབ་ཕྲུག་མཉམ་འབྲེལ་གྱི་མགོ་གཙོས་དབུས་གཞུང་གིས་རྒྱ་ནག་དང་འབྲེལ་བའི་གནད་དོན་ཐད་ཐུགས་བསམ་བཞེས་དགོས་པའི་བསམ་ཚུལ་བཏོན་ཡོད་ལ། རྒྱུ་རྐྱེན་གཅིག་ནི་ཕྱི་ལོ་ ༢༠༠༧ ལོའི་ཟླ་ ༨ པའི་ཚེས་ ༡༨ ཉིན་ Asaphila ཨ་སཱ་ཕེ་ལ་རྒྱ་བོད་ས་མཚམས་སུ་རྒྱའི་དམག་མིས་གྷོམ་སིན་ ཊ་ཡིང་ Gumsing Taying གྲོང་སྡེའི་མི་སེར་ Chabe Chader ཆ་བྷེ་ཆ་ཌར་འཛིན་བཟུང་བྱས་ཡོད་པས་རེད།
སློབ་ཕྲུག་མཉམ་འབྲེལ་གྱི་ཚོགས་གཙོས་དོན་གནད་དེ་དབུས་ནང་སྲིད་ལས་ཁུངས་ལ་སྙན་སེང་ཞུས་ཟིན་པར་མ་ཟད། གྲོས་ཚོགས་འོག་མའི་ཚོགས་མི་ཟུར་པ་ཀི་རེན་ རི་ཇི་ཇུ་ Kiren Rijiju ཁོང་གིས་ཀྱང་གྲོས་ཚོགས་ནང་འགྲེལ་བཤད་བརྒྱབས་ཡོད་པ་རེད་ལ། དེ་བཞིན་སྐབས་དེའི་ཕྱི་འབྲེལ་ཟུང་དྲུང་ཨ་ཤོག་ ཀེ་ ཀེན་ཐ་ Ashok K Kantha མཆོག་གིས་ཀྱང་ Bumla འབུམ་ལར་སྐུ་ཚབ་ཀྱི་འབྲེལ་ལམ་དང་ས་མཚམས་ལས་བྱེད་ཚོགས་འདུ་སོགས་འཚོགས་སྐབས། གོང་གི་དོན་གནད་དེར་གླེང་སློང་བྱས་ཀྱང་དོན་ཕན་གང་ཡང་བྱུང་མི་འདུག དེ་ལྟ་ནའང་ད་ལྟ་བར་གྷ་ཌར་མཆོག་གི་གནས་སྟངས་དེར་ཁ་གསལ་གནས་ཚུལ་གང་ཡང་མེད་སྟབས། རྒྱ་ནག་གི་བྱེད་ལས་དེའི་རྐྱེན་པས་ཁོང་ཚོར་སེམས་ཚབས་ཆེན་པོ་ཞིག་ཡོད་ནའང་། རྒྱ་གར་དབུས་གཞུང་གིས་ཨ་རུ་ན་ཅལ་མི་སེར་གྱིི་བདེ་འཇགས་ཙམ་ལའང་སྣང་མེད་དུ་འཇོག་གིན་འདུག་པ་དེར་བློ་ཚབས་བྱེད་བཞིན་ཡོད་ཅེས་ ཨ་ཤོག་ ཀེ་ཀེན་ཐ་ལགས་ཀྱིས་བརྗོད་ཡོད་འདུག