རྒྱ་ནག་གི་ངོ་རྒོལ་ལ་མ་ལྟོས་པར་སྲིད་འཛིན་ཨོ་བྷ་མས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་རྒྱུ་ཡིན་ཟེར།
རྒྱ་ནག་གིས་ངོ་རྒོལ་བྱེད་ཀྱིན་མ་ལྟོས་པར། སྲིད་འཛིན་ཨོ་བྷ་མ་མཆོག་གིས་ལོ་འདིར་༧གོང་ས་མཆོག་ལ་མཇལ་འཕྲད་གནང་རྒྱུ་ཡིན་ཅེས་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ བྷེལ་ བྷུར་ཊོན་ Bill Burton གྱིས་བཤད་འདུག
ཕྱི་ཚེས་ ༢ ཉིན་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་ཀྲུའུ་ཝེ་ཆོན་གྱིས་གལ་སྲིད་སྲིད་འཛིན་ཨོ་བྷ་མས་ལོ་འདིར་ཏཱ་ལའི་བླ་མར་མཇལ་འཕྲད་གནང་ཚེ། ང་ཚོས་དེར་བསྟུན་གྱི་ཡ་ལན་ཚ་ཐག་གཅོད་འབུལ་གྱི་ཡིན་ཚུལ་ཉེན་བརྡ་བཏང་ཡོད།
ཉིན་དེར་ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པས། སྲིད་འཛིན་ཨོ་བྷ་མ་ལོ་འདིར་ཏཱ་ལའི་བླ་མར་མཇལ་འཕྲད་གནང་རྒྱུ་རེད། ལོ་སྔོན་མར་སྲིད་འཛིན་ཨོ་བྷ་མ་རྒྱ་ནག་ལ་ཕེབས་སྐབས་ཀྱང་གནད་དོན་འདི་རྒྱ་ནག་གི་མགོ་ཁྲིད་ཚོར་བཤད་ཡོད་པ་རེད། དེ་བཞིན་ཏཱ་ལའི་བླ་མ་མཆོག་ནི་རྒྱལ་སྤྱིའི་སྟེང་བརྩི་བཀུར་ཡོད་པའི་ཆོས་ལུགས་དང་རིག་གཞུང་གི་དབུ་ཁྲིད་ཅིག་རེད་ལ། སྲིད་འཛིན་མཆོག་ཀྱང་ཁོང་ལ་མཚན་གནས་འདིའི་ཐོག་ནས་མཇལ་གིན་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད།