ཡོང་རྒྱུའི་ཉིན་ཟླའི་ནང་ང་ཚོས་རྒྱ་ནག་གཞུང་གིས་གླེང་སློང་བྱས་པའི་གནད་དོན་སྤྱི་དང༌། ལྷག་པར་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་གྲོས་རིམ་ཁག དེ་བཞིན་ “བྱེད་མི་རུང་བ་བཞི” བཅས་ལ་སློབ་སྦྱོང་བྱ་རྒྱུ་ཡིན། ཚོགས་གྲོས་སྐབས་ནན་ཞུ་བྱས་པ་ལྟར། རྒྱ་ནག་གི་དབུ་ཁྲིད་རྣམས་ཀྱིས་ཀྱང་ང་ཚོས་གླེང་སློང་བྱས་པའི་གནད་དོན་ཁག་གི་ཐོག་བསམ་ཞིབ་ནན་ཏན་གནང་བའི་རེ་བ་ལྷག་བསམ་རྣམ་དག་གིས་བྱེད་ཀྱིན་ཡོད། ཅེས་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་གསུངས་ཡོད།
བོད་རྒྱ་འབྲེལ་མོལ་ཐེངས་དགུ་བའི་སྐོར་གྱི་གནས་ཚུལ་ཁག་ཕྱི་ཚེས་ ༢ ཉིན་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་བསྐྱངས་ཡོད་ལ། གསལ་བསྒྲགས་དེའི་ནང་ཐེངས་འདིའི་གྲོས་མོལ་གྱི་ལས་རིམ་སྐོར་བཀོད་དོན། ང་ཚོས་པེ་ཅིང་དུ་ཕྱི་ཟླ་ ༡ ཚེས་ ༣༠ ཉིན་རྒྱ་ནག་རྒྱལ་ཡོངས་ཆབ་སྲིད་གྲོས་མོལ་ཚོཌ་འདུའི་གཙོ་འཛིན་གཞོན་པ་དང༌། དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་བློན་ཆེན་ཏུའུ་ཆིན་ལིན་མཉམ་ཟུར་ཚོགས་དང༌། ཕྱི་ཚེས་ ༣༡ ཉིན་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་རྒྱུན་ལས་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆོན་དང་དང་བློན་ཆེན་གཞོན་པ་སྲི་ཐར་ལྷན་གྲོས་བསྡུར་བྱས། སྐབས་དེ་དག་ཏུ་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མིའི་ཚོགས་འདུའི་མགོ་འཛིན་གཞོན་པ་ཉི་མ་ཚེ་རིང་ཡང་མཉམ་ཞུགས་བྱས་ཡོད། ང་ཚོ་ཐོག་མར་ཧུའི་ནན་ཞིང་ཆེན་གྱི་རྒྱལ་ས་ཁྲང་ཧྲར་ཕྱི་ཟླ་ ༡ ཚེས་ ༢༦ ཉིན་འབྱོར་བ་དང༌། དེར་ང་ཚོའི་ལས་དོན་ཞུ་སྒོ་ཁག་མགོ་འཛུགས་མ་བྱས་གོང་དེ་སྔ་ཕྱི་ལོ་ ༢༠༠༨ ཟླ་ ༡༡ པར་འབྲེལ་མོལ་ཐེངས་བརྒྱད་པ་བསྐྱངས་སྐབས། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཕུལ་བ་དང་འབྲེལ་ཆགས་ཚིག་ཐོ་ཞིག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁང་ལ་འབུལ་ལམ་ཞུས་ཤིང༌། ཚིག་ཐོ་དེའི་ནང་དུ་དོན་ཚན་བདུན་འཁོད་ཡོད་པ་དེ་དག་གིས་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་རྒྱ་ནག་གི་མགོ་ཁྲིད་ཚན་ཁག་ནས་བཏོན་པའི་གཞི་རིམ་གྱི་གནད་དོན་ཁག་གི་ཐོག་གསལ་བཤད་དང་སྦྲགས། ད་ཡོད་འབྲེལ་མོལ་གྱི་ལས་རིམ་འདི་དག་འབྱུང་འགྱུར་ལམ་ཕྱོགས་གང་འདྲ་ཞིག་ཏུ་བསྐྱོད་དགོས་པ་བརྡ་སྟོན་བྱེད་པའི་སྒྲུབ་ཕྱོགས་ཀྱི་བསམ་འཆར་འགའ་ཤས་བཏོན་ཡོད། ཅེས་བཀོད་འདུག
ཐེངས་འདིར་རྒྱ་གཞུང་ལ་སྤྲད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་ཆར་དང་འབྲེལ་བའི་ཚིག་ཐོ་དེའི་ནང་དོན་ཁག་གསལ་བཤད་བྱས་དོན། ཚིག་ཐོ་དོན་ཚན་བདུན་པོ་དེ་དག་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁུལ་བདག་དབང་དང་ས་ཁུལ་གོང་བུ་གཅིག་གྱུར་ལ་བརྩི་སྲུང་བྱ་རྒྱུ་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་སྲུང་བྱ་རྒྱུ། “རྒྱུན་འཁྱོངས་བྱེད་དགོས་པ་གསུམ་” ལ་བརྩི་སྲུང་ཞུ་རྒྱུ། རྒྱ་ནག་དབུས་གཞུང་གི་སྲིད་འཛིན་དབང་ཆ་དང༌། དེའི་རིམ་པ་བཅས་ལ་བརྩི་སྲུང་བྱ་རྒྱུ། རང་སྐྱོང་སྐོར་གྱི་བསམ་འཆར་ནང་གསལ་བའི་དབང་ཆ་དབྱེ་བགོ་དང་འབྲེལ་བའི་དམིགས་བཀར་དོན་གནད་གང་གི་ཐོག་རྒྱ་ནག་གཞུང་ལ་སེམས་འཚབ་ཡོད་ཁག གནད་དོན་སྙིང་པོ་ངོས་འཛིན་ཐུབ་པ་བྱ་རྒྱུ། དེ་བཞིན་གཉིས་སྨན་གྱི་ཐག་གཅོད་ཅིག་ཡོང་བར་ྋགོང་ས་མཆོག་ནས་མཐུན་འགྱུར་གནང་འདུན་ཡོད་སྐོར་སོགས་ཚུད་ཡོད། གོང་གསལ་ཚིག་ཐོའི་ནང་ྋགོང་ས་མཆོག་དང༌། བཙན་བྱོལ་གཞུང་གི་མགོ་ཁྲིད་མི་སྣ་གཞན་དག་ལ་སྒེར་གྱི་དགོས་འདུན་ཞུ་འཆར་གང་ཡང་མེད་པ་གསལ་སྟོན་བྱས་ཡོད། ྋགོང་ས་མཆོག་གི་ཐུགས་འཚབ་གནང་གཞི་གཙོ་བོ་བོད་རྒྱ་ཆེའི་མི་མང་གི་ཐོབ་ཐང་དང་བདེ་དོན་ཡིན། དེར་བརྟེན་ཐག་གཅོད་བྱ་དགོས་པའི་གཞི་རིམ་གྱི་གནད་དོན་ནི་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་དོན་དམ་གྱི་རང་སྐྱོང་ལག་ལེན་དོན་འཁྱོལ་བྱ་དགོས་པ་དེ་ཡིན་ཞིང༌། དེས་བོད་མི་ཚོར་སོ་སོའི་རྣམ་དཔྱོད་དང༌། དགོས་མཁོར་བསྟུན་ཏེ་རང་གིས་རང་ལ་འཛིན་སྐྱོང་བྱེད་ཐུབ་པ་ཞིག་ཡོང་རྒྱུ་རེད། ཅེས་བསྟན་འདུག
གསལ་བསྒྲགས་ནང་མུ་མཐུད་བཀོད་དོན། ྋགོང་ས་མཆོག་གིས་བོད་མི་མང་གི་ངོ་ཚབ་གནང་སྟེ་བཀའ་མོལ་གནང་གིན་ཡོད། ཁོང་དང་བོད་རྒྱ་ཆེའི་མི་མང་བར་ལོ་རྒྱུས་ཀྱི་འབྲེལ་བ་གཏིང་ཟབ་ཡོད་པ་དེ་དག་ཡོངས་སུ་ཡིད་ཆེས་ལ་གཞི་རྟེན་བྱས་ཡོད་པ་ཡིན། ྋགོང་ས་མཆོག་གིས་བོད་མི་མང་གི་ཁྲིམས་མཐུན་ངོ་ཚབ་མཚོན་ཐུབ་ཀྱིན་ཡོད་པ་དེ་ནི་རྩོད་དུ་མེད་པའི་གནས་ཚུལ་ཞིག་ཡིན་ལ། བོད་མི་རྣམས་ཀྱིས་ཀྱང་ཁོང་ཉིད་བོད་རྒྱ་ཆེའི་མི་མང་གི་སྐུ་ཚབ་བམ། མགྲིན་ཚབ་པ་དངོས་དེ་ཡིན་པའི་ལྟ་ཚུལ་འཛིན་གྱིན་ཡོད། དེར་བརྟེན་བོད་ཀྱི་གནད་དོན་ཐག་གཅོད་ཐུབ་པར་ྋགོང་ས་མཆོག་དང་འབྲེལ་མོལ་ཞུ་བའི་ཐབས་ཤེས་འདི་ཁོ་ནར་མ་བརྟེན་མཐུ་མེད་ཡིན་པའི་དངོས་དོན་འདི་ངོས་འཛིན་ཐུབ་པ་དགོས་རྒྱུ་གལ་ཆེན་པོ་ཡིན། ཅེས་དང་།
ད་རེས་ང་ཚོས་དོན་ཚན་འདི་ནན་བཤད་བྱས་པ་སྟེ། ྋགོང་ས་མཆོག་གིས་བོད་ཀྱི་རྩ་དོན་ཐོག་ཐུགས་ཁུར་བསྐྱེད་བཞེས་གནང་བ་ནི་གང་ཉིད་ྋསྐུ་སྒེར་གྱི་ཐོབ་ཐང་དང༌། ཆབ་སྲིད་ཀྱི་གོ་གནས་རྩོད་ཆེད་དམ། ཡང་ན་བཙན་བྱོལ་བོད་གཞུང་གི་ཁེ་ཕན་རྩོད་རྒྱུའི་ཐབས་ཤེས་བྱས་པ་ཞིག་མིན་པ་དེ་ཡིན། དེ་བཞིན་རྒྱ་ནག་གཞུང་གི་ཕྱོགས་ནས་ྋགོང་ས་མཆོག་ལ་ཁ་བྲལ་བ་ཞེས་མཚན་འདོགས་ཞུ་རྒྱུས་མཚོན་གཞི་མེད་ཁུངས་བྲལ་གྱི་སྐྱོན་བརྗོད་ཞུ་རྒྱུ་མཚམས་འཇོག་བྱ་དགོས་པ་དང༌། བོད་ཀྱི་དཀའ་རྙོག་ཐད་ རང་སྐྱོང་སྐོར་གྱི་བསམ་འཆར་གཞིར་བཟུང་གཉིས་མོས་ཀྱི་འགྲིག་ཐབས་ཤིག་འཚོལ་སླད་ཁོང་དང་མཉམ་ལས་གནང་དགོས་པའི་རེ་སྐུལ་ཞུས་པ་ཡིན། འདིས་བརྟན་ལྷིང་དང༌། ཆིག་བསྒྲིལ། འཆམ་མཐུན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱ་རྒྱུ་བཅས་འགན་སྲུང་བྱ་ཐུབ་ཀྱིན་ཡོད། ཅེས་བཀོད་འདུག
རྒྱ་གཞུང་གི་བྱེད་སྟངས་ཁག་ཅིག་ལ་མོས་མཐུན་དང་བསྔགས་བརྗོད་ཡོད་སྐོར་བཀོད་དོན། རྒྱ་ནག་གཞུང་གི་ཕྱོགས་ནས་ཁོང་ཚོའི་ལངས་ཕྱོགས་གསལ་སྟོན་ཆེད། “བྱེད་མི་རུང་བ་བཞི” ཞེས་པ་ཞིག་བཏོན་པར་མ་ཟད། བོད་དང་འབྲེལ་ཡོད་ཉེ་ལམ་གྱི་འགྱུར་འགྲོས་སྤྱི་དང༌། ལྷག་པར་གལ་ཆེའི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་སྐོར་ཞིབ་ཕྲའི་འགྲེལ་བཤད་གནང་སྐབས་བཞུགས་མོལ་ཚོགས་འདུའི་ཐོག་ནས་བོད་རང་སྐྱོང་ལྗོངས་ཟེར་བ་དང༌། བོད་རིགས་ས་ཁུལ་གཞན་དག་ཏུ་ཡོད་པའི་བོད་མིའི་འཚོ་ཐབས་སྤྱི་དང༌། ལྷག་པར་ཤེས་ཡོན་དང༌། སྨན་བཅོས་འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོབ་སོགས་མང་ཚོགས་ཀྱི་ཞབས་ཞུའི་ལས་རིགས་ཁག་ཡར་རྒྱས་གཏོང་རྒྱུའི་ཐག་གཅོད་བྱུང་སྐོར་བརྗོད་བྱུང༌། ང་ཚོས་བཞུགས་མོལ་ཚོགས་འདུའི་སྐོར་ཐོག་མའི་གནས་ཚུལ་ཐོས་པར་གཞིགས་ཏེ་བོད་མི་སྤྱི་དང༌། ལྷག་པར་གྲོང་གསེབ་ཁུལ་གྱི་བོད་མིའི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་གནད་དོན་ལ་བཀའ་བསྡུར་བྱུང་ཡོད་པ་དེར་དགའ་བསུ་ཞུས་པ་ཡིན། དོན་དངོས་ཐོག་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་བོད་རང་སྐྱོངས་ལྗོངས་དང༌། བོད་རིགས་ས་ཁུལ་གཞན་དག་བཅས་བོད་ཀྱི་ས་ཁུལ་ཡོངས་སུ་རྫོགས་པའི་ནང་འཛུགས་སྐྲུན་ཡར་རྒྱས་གཏོང་རྒྱུའི་གནད་དོན་སྐོར་བསམ་ཞིབ་གྲོས་བསྡུར་བྱས་ཡོད་པར་དགའ་བསུ་ཞུ་རྒྱུ་དང༌། བོད་ཀྱི་ས་ཁུལ་ཡོངས་རྫོགས་ངེས་པར་དུ་འཛིན་སྐྱོང་གོང་བུ་གཅིག་གི་འོག་བཅུག་སྟེ། དེ་དག་ཐོག་གཅིག་གྱུར་གྱི་སྲིད་བྱུས་ཤིག་ལག་བསྟར་བྱ་དགོས་པ་དེར་ང་ཚོས་ཡིད་ཆེས་བརྟན་པོ་བྱེད་ཀྱིན་ཡོད། གལ་སྲིད་ཆབ་སྲིད་ཀྱི་འབོད་ཚིག་ཁག་དོར་ཚེ། བཞུགས་མོལ་ཚོགས་འདུའི་ཐོག་བཀའ་བསྡུར་བྱུང་བའི་གནད་དོན་གལ་ཆེན་མང་པོ་ཞིག་ང་ཚོས་རང་སྐྱོང་གི་བསམ་འཆར་ནང་གསལ་སྟོན་བྱས་པའི་གཞི་རྩའི་བོད་མི་མང་གི་དགོས་མཁོ་ཁག་དང་གཅིག་མཚུངས་ཡིན་འདུག ཅེས་བཀོད་འདུག
གསལ་བསྒྲགས་ནང་མུ་མཐུད་དེ་ད་ལྟའི་འགལ་བ་ཆེ་ཤོས་དང་། འབྱུང་འགྱུར་ཕྱོགས་གཉིས་ཀྱིས་འབད་བརྩོན་འོག་དེ་དག་སེལ་ཐབས་བྱེད་ཕྱོགས་བསྟན་དོན། ཕྱོགས་གཉིས་བར་གྱི་འགལ་ཟླ་ཆེ་གྲས་ཤིག་ནི་ད་ལྟའི་བོད་ནང་གི་གནས་སྟངས་ཐད་ལྟ་ཚུལ་མི་མཐུན་པ་ཡོང་གི་ཡོད་པ་དེ་རེད། དེར་བརྟེན་དངོས་ཡོད་ཀྱི་གནས་སྟངས་ཐད་ཐུན་མོང་གི་ཤེས་རྟོགས་ཤིག་ཡོང་ཆེད་ང་ཚོས་དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ཐོག་ནས་ཐུན་མོང་གི་འབད་བརྩོན་བྱས་པ་བརྒྱུད་ས་གནས་ས་ཐོག་གི་གནས་སྟངས་ལ་བལྟ་ཞིབ་བྱེད་དགོས་པའི་བསམ་ཚུལ་བཏོན་པ་ཡིན། འདིས་ཕྱོགས་ཕན་ཚུན་གཉིས་ཀར་རང་རང་གི་རྩོད་གཞི་ལས་བརྒལ་ཏེ་འགྲོ་ཐུབ་པའི་ཕན་གྲོགས་བྱ་རྒྱུ་ཡིན། ཡོང་རྒྱུའི་ཉིན་ཟླའི་ནང་ང་ཚོས་རྒྱ་ནག་གཞུང་གིས་གླེང་སློང་བྱས་པའི་གནད་དོན་སྤྱི་དང༌། ལྷག་པར་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་གྲོས་རིམ་ཁག དེ་བཞིན་ “བྱེད་མི་རུང་བ་བཞི” བཅས་ལ་སློབ་སྦྱོང་བྱ་རྒྱུ་ཡིན། ཚོགས་གྲོས་སྐབས་ནན་ཞུ་བྱས་པ་ལྟར། རྒྱ་ནག་གི་དབུ་ཁྲིད་རྣམས་ཀྱིས་ཀྱང་ང་ཚོས་གླེང་སློང་བྱས་པའི་གནད་དོན་ཁག་གི་ཐོག་བསམ་ཞིབ་ནན་ཏན་གནང་བའི་རེ་བ་ལྷག་བསམ་རྣམ་དག་གིས་བྱེད་ཀྱིན་ཡོད། ཅེས་དང་།
ྋགོང་ས་མཆོག་གིས་སྔ་ཕྱི་བར་གསུམ་དུ་མ་འོངས་པའི་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་གནས་རྒྱུའི་བཞེངས་ཕྱོགས་གསལ་སྟོན་གནང་ཡོད་པར་བརྟེན། རྒྱ་ནག་གི་དབུ་ཁྲིད་རྣམས་ལ་ཆབ་སྲིད་ཀྱི་ཆོད་སེམས་ཡོད་ཚེ། གནད་དོན་འདི་དག་ཐོག་ཐུན་མོང་གི་གཞི་རྟེན་ཞིག་འཚོལ་མི་ཐུབ་པའི་རྒྱུ་མཚན་གང་ཡང་མེད་པར་ང་ཚོས་མཐོང་གི་ཡོད། འདིར་བསྐྱར་ནན་བརྗོད་རྒྱུ་ཞིག་ལ། ྋགོང་ས་མཆོག་གིས་བོད་མི་རིགས་ཚོར་བློ་སྤོབས་དང་ཆེ་མཐོང་བཅས་སླར་གསོ་ཐུབ་པ་དང༌། དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་ཆིག་སྒྲིལ་འགན་སྲུང་བྱེད་ཐུབ་པའི་ཆེད་དུ་རྒྱ་ནག་དབུས་གཞུང་དང་མཉམ་དུ་མུ་མཐུད་ཕྱག་ལས་གནང་རྒྱུའི་ཐུགས་འདུན་རྒྱུན་བཅངས་གནང་གིན་ཡོད། ཅེས་བཀོད་འདུག་ལ། མཇུག་མཐར། ཐེངས་འདིའི་ང་ཚོའི་མགྲོན་བདག་ཧུའེ་ནན་འཐབ་ཕྱོགས་གཅིག་གྱུར་ལས་ཁང་དང༌། པེ་ཅིང་འཐབ་ཕྱོགས་གཅིག་གྱུར་ལས་ཁང༌། དེ་བཞིན་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁང་བཅས་ཀྱིས་ང་ཚོར་སྐབས་བསྟུན་སྣེ་ལེན་མཐུན་འགྱུར་དམ་ཟབ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས། ཅེས་སོགས་བཀོད་འདུག