ཉེ་ལམ་རྒྱ་ནག་དབུས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དང་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་གཉིས་འཚོགས་ཡོད་ལ། བོད་རང་སྐྱོང་ལྗོངས་གཙོས་པའི་མངའ་སྡེ་རིམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་དང་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྔ་རྗེས་སུ་འཚོགས་ཏེ་མཐོ་རིམ་དཔོན་རིགས་ལ་འཕོ་འགྱུར་གཏོང་གིན་ཡོད་པའི་དུས་དང་བསྟུན་ཏེ། ཕྱི་ཚེས་ ༡༥ ཉིན་འདི་གའི་གསར་འགོད་པས་བོད་མི་མང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་སུ་གནད་དོན་ཁག་ཅིག་གི་ཐད་བཅར་འདྲི་ཞུས་ཡོད།
དྲི་བ། ཉིན་འདི་འགར་རྒྱ་ནག་དབུས་གཞུང་དང་ས་གནས་མངའ་སྡེ་ཁག་ཏུ་མི་དམངས་འཐུས་མིའི་ཚོགས་ཆེན་དང་། ཆབ་སྲིད་གྲོས་མོལ་ཚོགས་འདུ་རིམ་པར་ཚོགས་ཏེ་མགོ་ཁྲིད་ལ་འཕོ་འགྱུར་གཏོང་གིན་ཡོད་དོན་ཅི་ཡིན་ནམ།
ལན། རྒྱ་ནག་དབུས་ཆབ་སྲིད་གྲོས་མོལ་སྐབས་བཅུ་བདུན་པའི་ཚོགས་ཐེངས་བཞི་བ་དེ་ཉེ་ལམ་ཟླ་འགའི་གོང་དུ་ཚོགས་ཡོད་ལ། དེའི་རྗེས་རྒྱ་ནག་དབུས་ཉེན་རྟོག་ལས་ཁུངས་དང་དྲག་ཆས་ཉེན་རྟོག་ལས་ཁུངས། དེ་བཞིན་དམག་ཁུལ་ཁང་བཅས་ཀྱི་མགོ་ཁྲིད་ལ་འགྱུར་བ་ཐེབས་ཡོད། དེ་མིན་རྒྱ་ནག་དབུས་གཞུང་གི་མགོ་ཁྲིད་ལ་འགྱུར་བ་འགྲོ་གི་མ་རེད། ཐེངས་འདིར་ས་གནས་ཞིང་ཆེན་ཁག་གི་མི་དམངས་འཐུས་མིའི་ཚོགས་ཆེན་དང་ཆབ་སྲིད་གྲོས་མོལ་ཚོགས་འདུ་གཉིས་འཚོག་གི་ཡོད། ཚོགས་ཆེན་འདི་གཉིས་ལོ་ལྟར་ཕྱི་ཟླ་དང་པོ་དང་གཉིས་པའི་ནང་འཚོགས་ཀྱིན་ཡོད། ཚོགས་ཆེན་འདིའི་སྟེང་ནས་ཞིང་ཆེན་ཁག་གི་མཐོ་རིམ་དཔོན་རིགས་ཚོར་འགྱུར་བ་གཏོང་གིན་ཡོད། དེ་ནི་འབྱུང་འགྱུར་ ༢༠༡༢ ལོའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཐོག མི་གང་འདྲ་ཡོང་གི་འཇུག་མིན་གྱི་སྔོན་འགྲོ་སྒྲུབ་ཀྱིན་ཡོད་པ་རེད། སྐབས་དེར་རྒྱ་ནག་དབུས་དམར་ཤོག་གཞུང་གི་དཔོན་རིགས་མཐོ་ཤོས་དག་ལ་འཕོ་འགྱུར་གཏོང་དགོས་སྟབས། སྔོན་ལ་ས་གནས་ཁག་གི་མཐོ་རིམ་དཔོན་རིགས་ནང་གཙང་བཟོ་བྱས་ཏེ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཐོག་ནས་དམར་ཤོག་ཚོགས་པའི་འདོད་བློ་ལྟར། རྒྱལ་ཁབ་ཀྱི་མགོ་ཁྲིད་བདམས་འཐོན་ཡོང་རྒྱུར་རྩིས་རྒྱག་གིན་ཡོད་པ་རེད།
དྲི་བ། འབྱུང་འགྱུར་ཕྱི་ལོ་ ༢༠༡༢ ལོར་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་སྟེང་། ད་ལྟའི་ཧུའུ་ཅིན་ཐའོ་ཡི་ཚབ་དུ་སྲིད་འཛིན་ལ་སུ་སླེབས་སྲིད་པ་དང་། དེ་ལ་དམར་གཞུང་གིས་ལས་འཆར་སྒྲིག་སྟངས་གང་འདྲ་ཡོད་དམ།
ལན། ད་ལྟའི་ཆར་རྒྱ་གཞུང་ལ་རེ་བ་ཅན་གྱི་མི་གཉིས་ཡོད། ཉེ་ཆར་ཕྱི་ཟླ་ ༡༢ ཚེས་ ༡ ཉིན་རྒྱ་ནག་དབུས་གཞུང་གིས་ཧུ་ནན་ཞིང་ཆེན་དང༌ཧྥུ་ཅན་ཞིང་ཆེན། ལེའོ་ཉིན་ཞིང་ཆེན། ཅི་ལིན་ཞིང་ཆེན། སོག་པོ་རང་སྐྱོང་ལྗོངས་གཙོས་པའི་ཞིང་ཆེན་དང་ལྗོངས་ལྔའི་མགོ་འཁྲིད་གཙོ་གྲས་དག་བརྗེ་བོ་བརྒྱབས་ཡོད། དེའི་ནང་དུ་ཅི་ལིན་ཞིང་ཆེན་གྱི་དམར་ཤོང་དྲུང་ཆེ་སུན་ཀྲིན་ཚའེ་དང༌། སོག་པོ་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཧུའུ་ཁྲོན་ཧྭ་གཉིས་ད་ལྟ་ལོ་ ༤༦ ཡིན། རྒྱ་ནག་གི་ཞིང་ཆེན་དང་ལྗོངས་སོ་གཅིག་ནང་གི་མགོ་ཁྲིད་ལོ་ཆུང་ཤོས་གཉིས་ཆགས་ཡོད། སྲིད་འཛིན་ཧུའུ་ཅིན་ཐའོ་དང༌ལི་ཁྲང་ཁྲོན། ཞི་ཅིན་ཕིང༌། ལི་ཁེ་ཆང་སོགས་ཀྱང་ཐོག་མ་རྒྱ་དམར་གྱི་ཞིང་ཆེན་ཁག་གི་ལོ་ན་ཆུང་ཤོས་ཀྱི་དམར་ཤོག་དྲུང་ཆེ་ཡིན་ལ། གོ་རིམ་དེ་བརྒྱུད་དེ་ད་ལྟ་དབུས་གཞུང་གི་མགོ་འཁྲིད་མཐོ་ཤོས་སུ་སླེབས་ཡོད། ཧུའུ་ཁྲོན་ཧྭ་དང་སུན་ཀྲིན་ཚའེ་གཉིས་ནི་སྲིད་དོན་དབྱེ་ཞིབ་པ་དག་གིས་དོ་སྣང་བྱེད་ཡུལ་ཆེ་ཤོས་སུ་གྱུར་ཡོད། ལྷག་པར་དུ་ཧུའུ་ཁྲོན་ཧྭ་ཟེར་བ་དེས། ཧུའུ་ཅིན་ཐའོ་དང་མཉམ་དུ་ལྷ་སར་བྱ་བ་བསྒྲུབས་མྱོང་ཞིང་། ཧུའུ་དང་ཁོང་གཉིས་ཤོག་ཁག་ཀྱང་གཅིག་པ་ཡིན། ཁོས་བོད་རང་སྐྱོང་ལྗོངས་ནས་ལོ་ ༢༠ ཙམ་ལ་ལས་ཀ་བྱས་ཡོད། སྔོན་མ་རྒྱ་ནག་གཞུང་གི་མགོ་གཙོ་ཏིན་ཞའོ་ཕིན་གྱིས་ ༡༩༩༢ ལོར་ཧུའུ་ཅིན་ཐའོ་ཅང་ཙེ་མིན་གྱི་རྒྱུན་འཛིན་པར་དམིགས་འཛུགས་བྱས་པ་རེད་ལ། ཕྱི་ལོ་ ༢༠༠༧ ལོར་རྒྱ་དམར་གྱི་གོ་གནས་གང་ཡང་མེད་པའི་ཅང་ཙེ་མིན་གྱིས་ཞི་ཅིན་ཕིན་ཧུའུ་ཅིན་ཐའོ་ཡི་རྒྱུན་འཛིན་པར་དམིགས་འཛུགས་བྱས་ཡོད་སྟབས། ཧུའུ་རང་གི་བློར་འབབ་པའི་ལི་ཁེ་ཆང་སྲིད་བློན་ལས་དམིགས་འཛུགས་བྱེད་ཐུབ་ཡོད་པ་མ་རེད། རྒྱ་ནག་གི་འགྲོ་སྟངས་ལྟར་ན་སྲིད་འཛིན་སྐབས་གཉིས་ལ་བསྡད་ཆོག་གི་ཡོད་སྟབས། ཧུའུ་ཡིས་ཀྱང་ ༢༠༢༢ ལོའི་སྐབས་ཉི་ཤུ་བའི་ཐོག་ཏུ་ཧུའུ་ཁྲོན་ཧྭ་ད་ལྟའི་ཞི་ཅིན་ཕིན་གྱི་རྒྱུན་འཛིན་པར་དམིགས་འཛུགས་དང་། སུན་ཀྲིན་ཚའེ་ད་ལྟའི་ལི་ཁེ་ཆང་གི་ཚབ་ཏུ་དམིགས་འཛུགས་བྱ་འདོད་ཡོད། འདི་ནི་ད་ལྟའི་བར་གྱི་རྒྱ་ནག་གཞུང་གི་དབུ་ཁྲིད་གསོ་སྐྱོང་བྱེད་སྟངས་ཆགས་ཡོད།
དྲི་བ། ཉེ་ཆར་ཧུའུ་ཅིན་ཐའོ་ཡི་གཙོ་སྐྱོང་འོག རྒྱ་ནག་དབུས་ཆབ་སྲིད་གྲོས་མོལ་ཚན་པས་བོད་ཀྱི་ལས་དོན་ཐོག་ཚོགས་འདུ་ཞིག་བསྐངས་ཡོད་སྟབས། སྐབས་དེར་རྒྱ་ནག་གཞུང་གི་ཆེས་མཐོའི་དཔོན་རིགས་ཚོས་གློ་བུར་དུ་བོད་ཀྱི་ལས་དོན་ཐོག་ཚོགས་འདུ་ཚོགས་དོན་ཅི་ཡིན་ནམ།
ལན། ཕྱི་ཟླ་ ༡ ཚེས་ ༨ ཉིན་རྒྱ་ནག་དབུས་ཆབ་སྲིད་སྡེ་ཚན་ནང་། ཧུའུ་ཅིན་ཐའོ་དབུ་བཞུགས་ཀྱིས་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་འདུག ཚོགས་འདུ་དེའི་དམིགས་ཡུལ་གང་རེད་ཟེར་ན། ལོ་སྔ་ཕྱིར་བོད་ནང་གནས་ཚུལ་འདྲ་མིན་ཞིག་བྱུང་བ་དང་། དེར་རྒྱ་ནག་དབུས་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ནོར་འཁྲུལ་བྱུང་བ་ཡིན་མིན་གྱི་སྐད་ཆ་ཡོང་གིན་ཡོད་སྟབས། མ་འོངས་པར་བོད་ཐོག་སྲིད་བྱུས་གང་འདྲ་ཞིག་འཛིན་རྒྱུ་ཡིན་མིན་ཁ་གསལ་བོ་བཟོས་པ་རེད། སྔོན་མ་རྒྱ་ནག་དབུས་གཞུང་གིས་བོད་ཀྱི་ཐོག་ལ་སྲིད་ཇུས་གཏན་འབེབས་བྱེད་སྐབས། བོད་ཀྱི་ལས་དོན་སྐོར་གྱི་ཚོགས་ཆུང་ཞིག་བཙུགས་ཡོད། ཚོགས་ཆུང་དེའི་ཚོགས་གཙོ་རྒྱ་ནག་དབུས་ཆབ་སྲིད་གྲོས་མོལ་ཁང་གི་ཚོགས་གཙོ་ཅཱ་ཆིན་ལིན་རེད། རྒྱ་ནག་གི་ཆེས་མཐོའི་གོ་གནས་ཨང་བཞི་བ་དེ་ཆགས་ཀྱིན་ཡོད། ཐེངས་འདིའི་བོད་ཀྱི་ལས་དོན་ཚོགས་འདུ་དེའི་སྟེང་ནས་མ་འོངས་པར་བོད་ཐོག་སྲིད་ཇུས་འཛིན་སྟངས་གསལ་བོ་བཟོས་པ་དེ་རེད།
དྲི་བ། རྒྱ་ནག་དབུས་ཆབ་སྲིད་གྲོས་མོལ་ཁང་གི་བོད་ཀྱི་ལས་དོན་ཚོགས་འདུ་དེས་བོད་ཐོག་ལ་ཕན་གནོད་གང་འདྲ་ཡོང་བ་དང་གྲོས་ཆོད་ཁག་གི་ནང་གང་ཞིག་བཀོད་ཡོད་དམ།
ལན། སྔོན་མ་ ༡༩༨༩ ལོར་བོད་ཀྱི་ལས་དོན་སྐོར་གྱི་ཚོགས་འདུ་འཚོགས་པ་དང་། ལྷག་པར་དུ་ ༡༩༩༤ ལོར་བོད་ཀྱི་ལས་དོན་སྐོར་གྱི་ཚོགས་འདུ་ཐེངས་བཞི་བ་འཚོགས་ཏེ། ད་ལྟའི་བར་གྱི་བོད་ཐོག་འཛིན་པའི་སྲིད་ཇུས་དེ་ཡང་དག་པ་ཡིན་པ་དང་། དེ་ད་དུང་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པ་གཏན་འཁེལ་བྱས་འདུག ང་ཚོས་ ༢༠༠༨ ལོར་བོད་ནང་ཞི་རྒོལ་གཞི་རྒྱ་ཆེན་པོ་བྱུང་བ་དེ་དག་རྒྱ་ནག་དབུས་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ཕམ་ཉེས་ཤིག་རེད་ཅེས་བཤད་ཀྱིན་ཡོད་ཀྱང་། ཁོང་ཚོས་དེ་ཕམ་ཉེས་ཤིག་ལ་གཏན་ནས་བརྩི་གི་མེད། ཚོགས་འདུ་དེར་སྡོམ་བརྒྱབས་ན་བོད་ཁུལ་གྱི་འཕེལ་རྒྱས་དང་བརྟན་ལྷིང་གཉིས་སུ་ཐག་བཅད་འདུག རྒྱ་ནག་གཞུང་གིས་བོད་ནང་གི་འཛུགས་སྐྲུན་སྔར་ལས་ཡར་རྒྱས་བཏང་སྟེ། དཔལ་འབྱོར་གྱི་རོགས་སྐྱོར་ཤུགས་ཆེན་བྱ་རྒྱུ་ཡིན་པ་གསལ་བོ་རེད། དེ་དང་མཉམ་དུ་བརྟན་ལྷིང་སྲུང་སྐྱོབ་སྔར་བས་ཚད་མཐོར་བཏང་སྟེ། འགྲོ་འདུག་སྤྱོད་གསུམ་ལ་དོ་དམ་ནན་མོ་བྱས་ནས་དྲག་གནོན་མུ་མཐུད་བྱ་རྒྱུ་ཡིན་པ་གསལ་བོ་རེད། སྲིད་ཇུས་དེ་གཉིས་རྩ་བར་བཟུང་བའི་ཐོག་ནས་དབུས་གཞུང་གི་སྲིད་ཇུས་ཆེ་ཕྲ་མང་པོ་ལག་བསྟར་བྱ་རྒྱུ་རེད། དེ་ལས་གཞན་པའི་ཁོར་ཡུག་སྲུང་སྐྱོབ་དང་སློབ་གསོ་གོང་སྤེལ། ས་གནས་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོབ། མི་རིགས་ས་གནས་རང་སྐྱོང་འཐུས་ཚང་དུ་གཏོང་རྒྱུ་སོགས་མང་པོ་ཞིག་བཀོད་འདུག་མོད། དེ་ནི་འཆར་ཅན་གྱི་གྲོས་ཆོད་དང་རྒྱུན་ལྡན་གྱི་སྐད་ཆ་དག་རེད།
དྲི་བ། ཉེ་ཆར་བོད་རང་སྐྱོང་ལྗོངས་ཀྱི་སྲིད་སྐྱོང་བར་གསར་དུ་བསྐོས་པའི་པད་མ་འཕྲིན་ལས་ཟེར་བ་དེའི་རྒྱབ་ལྗོངས་དང་ཁོ་རང་གི་ལས་དོན་བྱེད་ཕྱོགས། བོད་པའི་རྩ་དོན་ཐོག་ལ་ལྟ་སྟངས་སོགས་གང་འདྲ་ཡིན་ནམ།
ལན། པད་མ་འཕྲིན་ལས་ཟེར་བ་དེ་སྔོན་མ་དམག་མི་ཞིག་རེད། མཚོ་སྔོན་ཕྱོགས་ཀྱི་དམག་ཁོངས་ནས་ཡུན་རིང་བསྡད་མྱོང་ཞིང་། སྐྱེས་ཡུལ་སྟེང་ཆེན་རེད། རིམ་གྱིས་ས་གནས་ལས་བྱེད་པར་བསྐོས་ཤིང་། པེ་ཅིན་ཏང་གི་སློབ་ཆེན་ནས་ལོ་མང་རིང་སློབ་སྦྱོང་བྱས་མྱོང་མཁན་ཞིག་རེད། གོ་ཚོད་ལྟར་ན། སྔོན་མ་ཁོས་ཆབ་མདོ་སོགས་སུ་ལས་ཀ་བྱེད་སྐབས་ས་གནས་མང་ཚོགས་ཚོས་ཧ་ཅང་བརྩི་བཀུར་ཐོབ་མཁན་ཞིག་ཡིན་རབས་འདུག འོན་ཀྱང་། ༢༠༠༨ ལོའི་ཟླ་ ༡༡ ནང་བོད་རྒྱའི་སྐུ་ཚབ་བར་ཐུག་འཕྲད་སྐབས། ཁོང་བོད་ནང་གི་བོད་མིའི་སྐུ་ཚབ་ཀྱི་མིང་ཐོག་ནས་ཡོང་འདུག་ཟེར། སྐབས་དེར་ཁོས་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་གཉིས་དང་བཀའ་མོལ་གནང་སྐབས། ཐོག་མར་དོགས་མ་བདེ་བ་དང་འཚེར་སྣང་གི་རྣམ་པ་འདུག་ཟེར། སྐད་ཆ་བཤད་སྐབས་ཀྱང་ཅུང་འདར་གྱིན་འདུག་ཅེས་སྐབས་དེའི་སྐུ་ཚབ་ཕྱག་རོགས་ཤིག་གིས་བརྗོད་བྱུང་། ང་རང་གི་བསམ་པར་དེ་ནི་ཁོང་གི་རྒྱབ་ཏུ་གནོན་ཤུགས་ཡོད་པ་དང་། ༧གོང་ས་མཆོག་གི་སྐུ་ཚབ་ཀྱི་མདུན་ནས་སྐད་ཆ་རྫིག་པོ་བཤད་རྒྱུར་འཚེར་བ་མིན་ནམ་སྙམ། ཁོ་བོད་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཚོགས་གཞོན་ཡིན་སྟབས། ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་རྗེས་ཕྱི་ཕྱོགས་སུ་སྐད་ཆ་བཤད་རྒྱུ་དང་གསར་འགོད་པའི་དྲི་བར་ལན་འདེབས་བྱ་རྒྱུ་སོགས་ཁོ་རང་གི་འགན་ཆགས་ཡོད་སྟབས། སྐད་ཆ་སྡུག་ཅག་མང་པོ་ཞིག་བཤད་ཡོད་མོད། དེ་ཙམ་གྱིས་ཁོང་བོད་དོན་ཐད་ལྟ་སྟངས་ཡག་པོ་མི་འདུག་ཅེས་བཤད་དཀའ་མོ་རེད།
དྲི་བ། བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་མཐོ་གྲས་ནང་བྱམས་པ་ཕུན་ཚོགས་དང་པད་མ་འཕྲིན་ལས། མགོན་པོ་བཀྲ་ཤིས་སོགས་གཙོས་པའི་བོད་རིགས་ལས་བྱེད་གང་འཚམ་ཡོད་མོད། ལས་དོན་བྱེད་ཕྱོགས་ཀྱི་ཐོག་ནས་ཀྲང་ཅིན་ལི་དང་ཁོང་ཚོའི་བར་དབང་ཚད་ཀྱི་ཆེ་ཆུང་དང་། བོད་སྤྱི་ཚོགས་ལ་ནུས་པ་འཐོན་སྟངས་ལ་ཁྱད་པར་གང་འདྲ་ཡོད་དམ།
ལན། ཀྲང་ཅིན་ལི་ནི་རྒྱ་ནག་དབུས་གཞུང་གིས་ཐད་བསྐོས་བྱས་པའི་དམར་པོའི་གཞུང་གི་སྐུ་ཚབ་དང་བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་མཐོ་ཤོས་དེ་ཆགས་ཀྱིན་ཡོད། སྲིད་གཞུང་ཟེར་བ་དེ་འཛིན་སྐྱོང་རེད། གྲོས་ཚོགས་ཁྲིམས་བཟོ་རེད། ཁྲིམས་བཟོ་ལ་དབང་ཚད་ཡོད་པ་མ་རེད། གལ་སྲིད་བྱམས་པ་ཕུན་ཚོགས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་གཙོ་ཆགས་པ་ཡིན་ནའང་། ཁོ་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་ཙམ་རེད། པད་མ་འཕྲིན་ལས་བོད་རང་སྐྱོང་ལྗོངས་ཀྱི་སྲིད་སྐྱོང་བ་དང་པོ་ཆགས་ཀྱང་། དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པའི་འོག་རེད། དབང་ཚད་མཐོ་ཤོས་དམར་ཤོག་དྲུང་ཆེའི་རྒྱུན་ལས་རྣམ་པའི་ལག་ཏུ་ཡོད་ལ། རྒྱུན་ལས་ཚོགས་གཙོ་ཀྲང་ཅིན་ལི་རེད། མཐར་གཏུགས་ན་དབང་ཆ་མཐོ་ཤོས་འཛིན་མཁན་དེ་ཀྲང་ཆགས་ཡོད་པ་རེད། བོད་པར་གཅེས་སེམས་དང་ཐོབ་ཐང་ཡོད་མདོག་གིས་འཛིན་སྐྱོང་དང་ཁྲིམས་བཟོ་གཉིས་ཀྱི་ལས་གནས་མཐོ་ཤོས་དེར་བོད་རིགས་བསྐོས་ཡོད་ཀྱང་། མི་དེ་དག་རྒྱ་ནག་གཞུང་གིས་ཡིད་ཆེས་བློས་འཁེལ་བྱ་ཆོག་ཅིང་། སྲིད་གཞུང་གི་སྲིད་བྱུས་ཐོག་ལ་ཤར་སྐྱོད་བྱེད་མཁན་ཞིག་བསྐོས་ཡོད་སྟབས། ཁོང་ཚོས་ཀྲང་ཅིན་ལི་ཡི་ངོ་སོ་སྲུང་བ་དང་རྒྱ་ནག་དབུས་གཞུང་གི་དགོངས་དོན་བསྒྲུབ་རྒྱུ་ཁོ་ན་ལས་ལྷག་མེད།
དྲི་བ། བོད་པའི་རྩ་དོན་ལ་ཐུགས་འཁུར་དང་རྒྱབ་སྐྱོར་ཡོད་མེད་ལ་མ་ལྟོས་པར་བོད་ཀྱི་ས་ཁུལ་ཁྱོན་ཡོངས་ནང་། སྐབས་བཅོ་བརྒྱད་པ་དང་བཅུ་དགུ་བའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྟེང་རྒྱ་ནག་དབུས་གཞུང་གི་དཔོན་རིགས་ནང་རེ་བ་ཡོད་པ་དེ་འདྲ་མཐོང་གིན་ཡོད་དམ།
ལན། རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཆེ་གྲས་བོད་དང་ཞིན་ཅིང་། སོག་པོ། ཀྲོང་རིགས་བཅས་ལ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པ་དང་། ཆབ་སྲིད་གྲོས་མོལ་ཁང་གི་ཚོགས་གཙོ་གཞོན་པ་བཅས་ཀྱི་གོ་གནས་སྤྲོད་སྲོལ་ཡོད་པ་རེད། སྔོན་མ་པཎ་ཆེན་རིན་པོ་ཆེ་དང་འཕགས་པ་ལྷ། ང་ཕོད། རག་སྡིས་སོགས་ཀྱིས་གནས་རིམ་དེ་དག་བརྒྱུད་མྱོང་ཡོད་པ་རེད། ང་རང་གི་བསམ་པར། གོ་གནས་དེར་ང་ཚོ་བོད་པའི་སྐུ་ཚབ་ཅིག་བསྐོ་རྒྱུར་ངེས་པར་དུ་ཆོས་ལུགས་ཀྱི་མི་ཞིག་དགོས་པ་རེད། འོན་ཀྱང་། པཎ་ཆེན་རྒྱལ་མཚན་ནོར་བུ་ལས་གནས་དེར་བསྐོས་མ་སོང་ལ། ཁོང་ད་དུང་ལོ་ཡང་ཆུང་ཆུང་རེད། ཨ་མདོ་བླ་བྲང་གི་ཀུན་མཁྱེན་འཇམ་དབྱངས་བཞད་པ་བསྐོ་རྒྱུར་རེ་བ་ཆེན་པོ་འདུག་སྙམ། གང་ཡིན་ཟེར་ན་ཁོང་བོད་ནང་གི་བླ་མ་ཆེན་པོ་ཞིག་ཡིན་ལ། ད་དུང་དགུང་ལོའང་དེ་ཙམ་ཆེན་པོ་མ་རེད། ཁོང་ ༢༠༡༢ ཡས་མས་ནང་བོད་རིགས་ཀྱི་ཚབ་ཏུ་རྒྱ་ནག་དབུས་ཀྱི་དཔོན་རིགས་ནང་འགྲོ་སྲིད་པ་རེད་དྲན་ཡོད། གཞན། ད་ལྟའི་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་རྒྱུན་ལས་མགོན་པོ་བཀྲ་ཤིས་ལ་རེ་བ་འདུག ད་ལྟ་ནས་མངའ་སྡེ་གཞུང་གི་མི་སྣ་གལ་ཆེན་གྱི་གྲས་ཡིན། ལྷག་པར་དུ་ཁོང་ལ་སློབ་སྦྱོང་ཡག་པོ་ཡོད་ལ། ལོ་ཡང་ཆུང་ཆུང་རེད། ཁོང་གི་ལས་ཀ་བྱེད་ཕྱོགས་དང་གསར་ལམ་ཁག་ཏུ་ཐོན་སྟངས་ལ་གཞིགས་ན་རེ་བ་ཆེ་ཙམ་འདུག གཞན་བྱམས་པ་ཕུན་ཚོགས་ལྟ་བུར་མཚོན་ན་རེ་བ་ཞེ་དྲག་ཡོད་པ་མ་རེད། གང་ཡིན་ཟེར་ན་སློབ་སྦྱོང་གི་ཆུ་ཚད་དང་དགུང་ལོའི་བབ་སོགས་གང་ཐད་ནས་ལྕོགས་གི་མ་རེད།