བཀའ་ཤག་གིས་གཞུང་ཞབས་པ་རྣམས་ལ་ལོ་སར་སྤྲོ་སྐྱིད་ཀྱི་རྣམ་པས་གཏོང་མི་ཆོག་སྐོར་བསྒྲགས་པ་དེས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལའང་བྱེད་ཁག་པོ་བཟོས་འདུག་ལ། ཁོང་ཚོའི་བར་ལོ་སར་ཇི་ལྟར་གཏོང་མིན་ཐད་ལྟ་ཚུལ་མི་མཐུན་པ་འབྱུང་བཞིན་ཡོད།
ཕྱི་ཚེས་ ༣ ཉིན་ཏེ། བོད་ལྕགས་སྟག་ལོའི་ལོ་སར་བར་དུ་ཉིན་བཅུ་ལས་མེད་པའི་སྐབས་འདིར། བོད་གཞུང་བཀའ་ཤག་གིས་འབྲེལ་ཡོད་ལྷན་ཁང་ཁག་བདུན་གྱི་ཁྱབ་ཁོངས་འོག་ཡོད་པའི་གཞུང་ཞབས་ལས་བྱེད་རྣམས་ལ་གསལ་བསྒྲགས་ཤིག་བཀྲམས་ཏེ། འདི་ལོའི་ལོ་སར་སྐབས་ཚེ་གཏོར་དང་བསང་གསོལ་སོགས་ཆོས་ཕྱོགས་ཀྱི་མཛད་སྒོ་རྣམས་སྲོལ་རྒྱུན་ལྟར་གནང་བ་མ་གཏོགས། གསོལ་སྟོན་དང་ཞབས་གཞས། ཤོག་པག་སྤར་བ་སོགས་བག་ཡངས་སྤྲོ་སྐྱིད་ཀྱི་ལས་རིམ་གཏན་ནས་མེད་པ་དགོས་རྒྱུ་མ་ཟད། གཞུང་ཞབས་ལས་བྱེད་རྣམས་ཀྱང་སྤྲོ་སྐྱིད་གསོལ་སྟོན་སོགས་སུ་ཕེབས་མི་ཆོག་པའི་སྐོར་བསྒྲགས་ཡོད་མོད། གཞུང་ཞབས་ལས་བྱེད་ཀྱི་ཕན་ནས་མི་མང་རྣམས་ལོ་སར་བའི་དགའ་སྟོན་རྟེན་འབྲེལ་ལ་རོལ་བ་དང་། གཞས་འཁྲབ་པ་དང་ཞབས་བྲོ་རྒྱག་པ། ཤོག་པག་སྤར་བ་སོགས་སྤྲོ་སྐྱིད་ཀྱི་རྣམ་པར་རོལ་མིན་ཐད་གང་ཡང་གསུངས་མེད། བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་ཀྱིས་ང་ཚོས་དམར་བོའི་གཞུང་ལྟར་མི་མང་ལ་བཀའ་གཏོང་ཆོག་གི་མ་རེད། ལོ་སར་གཏོང་མིན་དེ་མི་མང་རང་ཉིད་ཀྱི་རང་དབང་རེད་ཅེས་གསུངས་ཡོད།
འོན་ཀྱང་། གཞུང་ཞབས་ལས་བྱེད་རྣམས་ཀྱིས་ལོ་སར་སྤྲོ་སྐྱིད་ཀྱི་རྣམ་པར་གཏོང་ཆོག་གི་མེད་དུས། ཁོང་ཚོའི་ནང་མི་བུ་ཕྲུག་དག་ཀྱང་རང་བཞིན་གྱིས་དེའི་ཁོངས་སུ་འདུས་ཡོད་ལ། དེ་ལྟར་བྱས་ཚེ་ད་ཡོད་གཞུང་ཞབས་པ་མི་ ༥༠༠ ལྷག་ཡོད་པ་ནས་ཁོང་ཚོའི་ནང་མི་བུ་ཕྲུག་དང་ཉེ་འབྲེལ་བསྡོམས་ན། ཉུང་མཐར་ཡང་མི་ ༢༠༠༠ ལྷག་གིས་ལོ་སར་གཏོང་མི་ཆོག་པར་གྱུར་ཡོད།
འདིའི་ཐད་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རེ་ཟུང་གིས་འདི་ལོའི་བོད་ལུགས་ཀྱི་ལོ་སར་དང་རྒྱ་ནག་གི་ལོ་སར་གཉིས་དུས་མཉམ་དུ་འཁེལ་གྱིན་ཡོད་སྟབས། ལོ་སར་གྲ་རྒྱས་པོ་བཏང་སྟེ་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་ལོ་སར་སྐབས་ཀྱི་རྒྱས་སྤྲོས་བྱེད་སྟངས་སོགས། རྒྱ་ནག་དང་ཐ་དད་ཡིན་པའི་རྣམ་པ་གསལ་བོར་སྟོན་དགོས་པ་རེད་ཅེས་དང་། ཡང་ད་ལྟ་བོད་ནང་ལ་མཚོན་ན་གཞིས་ལུས་བོད་མི་རྣམས་འདུ་འཛོམས་བྱེད་པའི་གོ་སྐབས་དེ་ཙམ་རག་གི་མེད་སྟབས། ལོ་སར་གྱི་རྟེན་འབྲེལ་ལ་རོལ་བ་དང་དགོན་སྡེ་ཁག་ཏུ་མཆོད་མཇལ་དུ་འགྲོ་རྒྱུ་ནི་བོད་མི་རྣམས་འདུ་འཛོམས་བྱེད་པའི་གོ་སྐབས་ཡག་ཤོས་ཤིག་རེད་ཅེས་སོགས་ཟེར་མཁན་བྱུང་ཡོད།
ཕྱི་ཚེས་ ༥ ཉིན་གྱི་ཞོགས་པར་འདི་གའི་གསར་འགོད་པས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་བསམ་གཏན་ཆོས་སྒྲོན་ལགས་སུ། བཀའ་ཤག་ནས་གཞུང་ཞབས་ལས་བྱེད་རྣམས་ལ་ལོ་གསར་བའི་ནང་དུ་དགའ་སྤྲོ་བག་ཡངས་ཀྱི་རྣམ་པ་མེད་པ་དགོས་པའི་སྐོར་ལ་གསལ་བསྒྲགས་སྤེལ་བའི་ཐད་དགོངས་ཚུལ་ཅི་ཡོད་དྲིས་པར། ཁོང་གིས་གསུངས་དོན། བོད་ནང་གི་གནས་སྟངས་མུ་མཐུད་ཛ་དྲག་ངང་གནས་ཡོད་སྟབས། ལོ་སར་སྐབས་གཞས་ཞབས་བྲོ་འཁྲབ་པ་དང་གླུ་ལེན་གར་རྩེས་ལ་རོལ་བ་སོགས་ཧ་ཅང་གི་དྲ་རྒྱས་པོ་བྱེད་མི་རུང་ནའང་། ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་དང་སྲོལ་རྒྱུན་གྱི་འགྲོ་སྟངས་ལྟར་ལོ་སར་གྱི་རྟེན་འབྲེལ་ཁག་བྱ་དགོས་པ་དེ་གལ་ཆེན་པོ་རེད་ལ། ལོ་སར་གྱི་རྟེན་འབྲེལ་དགའ་སྟོན་བྱེད་པ་དེས་བོད་ཀྱི་སྲོལ་རྒྱུན་རིག་གཞུང་ཞིག་མཚོན་གྱིན་ཡོད་པ་དང་། ལོ་སར་ནི་ལོ་གཅིག་གི་ནང་ནས་གལ་ཆེའི་དུས་ཆེན་ཞིག་དང་ངེས་པར་དུ་སྲུང་གཙི་ཞུ་དགོས་པ་ཞིག་ཡིན་སྟབས། གལ་སྲིད་ང་ཚོས་ལོ་གཅིག་ལ་ལོ་སར་མ་བཏང་། གཉིས་ལ་ལོ་སར་མ་བཏང་བར་བསྡད་ན་ཕྲུ་གུ་ལོ་ཆུང་ཚོ་ཡིན་ནའང་། རིམ་གྱིས་ལོ་སར་ལབ་དུས་སྤྲོ་སྣང་མེད་པ་དང་ལོ་སར་གྱི་ངོ་བོ་ངོས་མི་ཟིན་པར་ཆགས་འགྲོ་གི་རེད་ཅེས་གསུངས་ཡོད།
དེ་བཞིན་ངྷ་ས་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ཆོས་དབྱངས་ལགས་ཀྱིས། རྩ་བའི་ང་ཚོའི་ཛ་དྲག་གི་གནས་སྟངས་ནི་ ༢༠༠༨ ལོ་ཙམ་མིན་པར་ ༡༩༥༩ ལོ་ནས་བཟུང་བྱུང་བསྡད་པ་རེད་ལ། སྐབས་དེར་མི་ས་ཡ་གཅིག་ཙམ་གྱི་སྲོག་ཤོར་བ་རེད། དེ་ལྟར་བོད་རྒྱ་ལག་ལ་ཤོར་བ་ནས་ད་ལྟའི་བར་ཛ་དྲག་གི་རྣམ་པར་གནས་ཀྱིན་ཡོད་ནའང་། ལོ་སར་རྟེན་འབྲེལ་ལ་རོལ་རྒྱུ་ནི་གལ་ཆེན་པོ་རེད་ལ། ཉིན་དེར་བོད་མིའི་སྲོལ་རྒྱུན་གྱི་རིག་གཞུང་དང་གྱོན་གོས། ཟ་མ་སོགས་ངོ་སྤྲོད་བྱ་རྒྱུ་དེ་གལ་ཆེ་ཤོས་ཤིག་ཡིན་པས་དེ་ང་ཚོས་བེད་སྤྱོད་ཡག་པོ་གཏོང་དགོས། བོད་ནང་དུ་རེ་ཟུང་གིས་ལོ་སར་གཏོང་དགོས་པ་རེད་ཟེར་བ་དང་། ཡང་རེ་ཟུང་གིས་གཏོང་ཉན་གི་མ་རེད་ཟེར་གྱིན་ཡོད་ནའང་། ཆབ་སྲིད་ཀྱི་ལྟ་སྟངས་ཤིག་གི་ངོས་ནས་བལྟས་ན་འདས་པའི་ལོ་གཉིས་གསུམ་རིང་གཞིས་ལུས་བོད་མི་རྣམས་ཀྱིས་སེམས་ནང་གི་སྡུག་བསྔལ་ཕྱི་ལ་སྟོན་པའི་དུས་ཚོད་བཟང་ཤོས་ནི་འདུ་འཛོམས་བྱེད་པའི་དུས་ཚོད་དག་རེད་ལ། རྒྱ་ནག་གིས་བོད་མི་ཚོ་མཉམ་དུ་འཛོམས་རྒྱུར་སྐྲག་སྣང་དང་བཀག་འགོག་བྱེད་ཀྱིན་ཡོད་པའི་ཆ་ནས་ད་ལྟའི་བར་བོད་མི་ཚོ་མཉམ་དུ་འཛོམས་ཐུབ་མེད་ཅིང་། ལོ་སར་ལ་རོལ་བ་དང་དགོན་སྡེ་ཁག་ཏུ་མཆོད་མཇལ་དུ་འགྲོ་བ་ནི་བོད་མི་རྣམས་འདུ་འཛོམས་བྱེད་པ་དང་མཉམ་དུ་སྤྲོ་སྐྱིད་ལ་རོལ་བའི་གོ་སྐབས་ཡག་ཤོས་ཤིག་རེད། དེ་ནི་བོད་ནང་ཙམ་མིན་པར་རྒྱ་གར་གཙོས་ཕྱི་རྒྱལ་ཁག་ཏུ་ཡོད་པའི་ས་གནས་གང་དུ་ཡིན་ནའང་། གལ་ཆེན་པོར་ཆགས་འདུག་ཅེས་གསུངས་ཡོད།
ཁོང་གིས་མུ་མཐུད་དེ། ང་ཚོས་ལོ་སར་གཏོང་དགོས་པ་རེད་ཟེར་དུས་དགའ་དགའ་སྤྲོ་སྤྲོ་བྱོས་ཟེར་གྱིན་མེད་པར། སོ་སོའི་རིག་གཞུང་དང་སྐད་ཡིག ཡུལ་སྲོལ་གོམས་གཤིས་སོགས་རྒྱ་ནག་དང་ཐ་དད་ཡིན་པ་གསལ་སྟོན་བྱ་དགོས་ཀྱི་འདུག་ཟེར་གྱིན་ཡོད་ཅེས་གསུངས།
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ངག་དབང་འོད་འབར་ལགས་ཀྱིས། སྤྱིར་བཏང་འདི་ལོའི་ལོ་སར་རྒྱ་ནག་གི་ལོ་སར་དང་མཉམ་དུ་འཁེལ་གྱིན་ཡོད་སྟབས། དྲ་རྒྱས་པོ་གཏོང་དགོས་པ་རེད་ཟེར་མཁན་དང་འདས་ལོའི་ནང་གཞིས་ལུས་བོད་མིས་མུ་མཐུད་སྡུག་སྦྱོང་མནར་གཅོད་མྱངས་དགོས་བྱུང་སྟབས། ལོ་སར་གཏོང་ཉན་གི་མ་རེད་ཟེར་མཁན་སོགས་རིགས་གཉིས་ཡོང་གི་འདུག་ལ། ཁ་སང་བཀའ་ཤག་གིས་གཞུང་ཞབས་ལས་བྱེད་ཚོས་ལོ་སར་སྐབས་སྤྲོ་སྐྱིད་ཀྱི་རྣམ་པ་གང་ཡང་མེད་པའི་ཐོག་ནས་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་གཏོང་དགོས་སྐོར་བརྗོད་སྟབས། མི་མང་ནང་དེས་ཤུགས་རྐྱེན་ཐེབས་གི་རེད་ལ། ང་ཚོས་ཀྱང་ལོ་སར་སྐབས་ག་རེ་བྱེད་དགོས་མིན་ཐད་ལས་བྱེད་ནང་ཁུལ་གྲོས་བསྡུར་བྱེད་བཞིན་པའི་སྒང་ཡིན་ཞེས་གསུངས་ཡོད།
གོང་གསལ་ཚོགས་པ་གསུམ་གྱི་ད་ལྟའི་ལས་འཆར་ལྟར་ན་འདི་ལོའི་ལོ་སར་སྐབས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་ལ་འཚམས་འདྲིའི་ཤོག་བྱང་གཏོང་རྒྱུ་ཡིན་འདུག་ལ། འཚམས་འདྲིའི་ཤོག་བྱང་དག་སྲིད་འཛིན་ཨོ་བྷ་མ་དང་༧གོང་ས་མཆོག་རྣམ་གཉིས་མཇལ་འཕྲད་མ་གནང་བའི་སྔོན་ཏག་ཏག་དེར་ཁོང་གི་ཕྱག་ཏུ་འབྱོར་ཐུབ་པ་བྱ་རྒྱུ་ཡིན་འདུག
གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་ཁ་སང་བཀའ་ཤག་གིས་གཞུང་ཞབས་ལས་བྱེད་རྣམས་ལ་ལོ་སར་མི་གཏོང་རྒྱུའི་གསལ་བསྒྲགས་བཀྲམས་པ་དེས། ང་ཚོས་ཀྱང་ག་རེ་བྱེད་དགོས་མིན་ཐད་བསམ་བློ་གཏོང་གི་ཡོད་མོད། ད་དུང་ཐག་གཅོད་གང་ཡང་བྱུང་མེད་ཅེས་གསུངས་ཡོད། ཁ་སང་བཀའ་ཤག་གིས་གཞུང་ཞབས་པ་རྣམས་ལ་ལོ་སར་སྐབས་སྤྲོ་སྐྱིད་ཀྱི་རྣམ་པ་གང་ཡང་མེད་པའི་ཐོག་ནས་ལོ་སར་གཏོང་དགོས་པའི་སྐོར་འདི་གའི་དྲ་ཐོག་ཏུ་སྤེལ་རྗེས། བསམ་ཚུལ་སྤེལ་མཁན་དག་གི་ཁྲོད་ན་ལོ་སར་སྤྲོ་སྐྱིད་ཀྱི་རྣམ་པས་གཏོང་དགོས་པ་རེད་ཟེར་མཁན་དང་མ་རེད་ཟེར་མཁན་གཉིས་ཀ་བྱུང་བའི་ཁྲོད་ཀྱི་མང་ཤོས་ནི་མང་ཚོགས་ཀྱིས་ཀྱང་ལོ་སར་སྤྲོ་སྐྱིད་ཀྱི་རྣམ་པ་མེད་པའི་ཐོག་ནས་བཏང་སྟེ། གཞིས་ལུས་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་བྱ་དགོས་པ་རེད་ཟེར་མཁན་ཡིན་འདུག