ཕྱི་ཚེས་ ༡༧ དང་ ༡༨ བར་༧གོང་ས་མཆོག་ཝ་ཤིན་ཊོན་དུ་ཕེབས་སྐབས་སྲིད་འཛིན་ཨོ་བྷ་མར་མཇལ་འཕྲད་གནང་རྒྱུ་རེད།
ཕྱི་ཚེས་ ༤ ཉིན་ཨ་རིའི་ཕོ་བྲང་དཀར་པོས་མགྲིན་ཚབ་པས་ཟླ་འདིའི་ཚེས་ ༡༧ ནས་ ༡༨ བར་༧གོང་ས་མཆོག་ཝ་ཤིན་ཊོན་ལ་ཕེབས་སྐབས་སྲིད་འཛིན་ཨོ་བྷ་མ་མཆོག་གིས་མཇལ་འཕྲད་གནང་རྒྱུ་ཡིན་སྐོར་གསལ་བསྒྲགས་བྱས་ཡོད་པ་རེད།
ཉེ་ཆར་ནས་རྒྱ་ནག་གཞུང་དང་ཨ་རིའི་གཞུང་གི་བར་འགལ་བ་འགྲོ་གཞི་ཁག་ཅིག་ནི། ཨ་རིའི་གཞུང་གིས་ཐའེ་ཝན་ལ་ཨ་སྒོར་དུང་ཕྱུར་ ༦་༤ ཡི་མ་གནས་ཡོད་པའི་གོ་མཚོན་བཙོང་རྒྱུའི་གནད་དོན་དང་། སྲིད་འཛིན་ཨོ་བྷ་མ་༧གོང་ས་མཆོག་ལ་མཇལ་རྒྱུ། གྷོ་གྷལ་གྱི་དོན་རྐྱེན་བཅས་ཀྱི་སྐོར་ཡིན།
སྲིད་འཛིན་ཨོ་བྷ་མ་ལོ་སྔོན་མར་༧གོང་ས་མཆོག་ཝ་ཤིན་ཊོན་དུ་ཕེབས་སྐབས་མཇལ་འཕྲད་གནང་མེད་པའི་ཐད། ཨ་རིའི་གྲོས་ཚོགས་མི་སྣ་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་བཅས་ཀྱིས་སྐྱོན་བརྗོད་བྱས་ཡོད་ལ། ད་ནི་མཇལ་འཕྲད་མི་གནང་ཐབས་མེད་དུ་གྱུར་ཡོད་སྐོར་སྲིད་དོན་དཔྱད་བརྗོད་པ་དག་གིས་གླེང་གི་ཡོད།
ཨ་རིས་ཐའེ་ཝན་ལ་གོ་མཚོན་བཙོང་རྒྱུའི་གསལ་བསྒྲགས་བྱས་པ་དང་སྦྲགས། རྒྱ་ནག་གཞུང་གིས་དེ་ལ་ངོ་རྒོལ་གྱི་ཆེད་དུ་འབྲེལ་ཡོད་ཨ་རིའི་བཟོ་ཚོང་སྡེ་ཚན་ཁག་ཅིག་གི་ཚོང་འབྲེལ་བཅད་ཡོད་ལ། ཉིན་ཤས་གོང་རྒྱ་ནག་གཞུང་གིས་གལ་སྲིད་༧གོང་ས་མཆོག་དང་སྲིད་འཛིན་ཨོ་བྷ་མ་གཉིས་མཇལ་འཕྲད་གནང་བ་ཡིན་ན་དེ་ལུགས་དང་འཚམ་པའི་ངོ་རྒོལ་གྱི་ལན་སྤྲོད་རྒྱུ་ཡིན་ཚུལ་བཤད་ཡོད།
ད་སྐབས་སྲིད་དོན་དབྱེ་ཞིབ་པ་དག་གིས། ཐེངས་འདིར་སྲིད་འཛིན་ཨོ་བྷ་མ་༧གོང་ས་མཆོག་ལ་མཇལ་བ་དེར་རྐྱེན་བྱས་ཏེ། ལོ་འདིའི་ཕྱི་ཟླ་ ༤ པའི་ནང་སྲིད་འཛིན་ཧུའུ་ཅིན་ཐོ་ཨ་རིར་ཡོང་རྒྱུའི་ལས་རིམ་དེར་གཏོར་སྐྱོན་འགྲོ་རྒྱུ་ཡིན་མིན་ལ་ལྟ་གིན་ཡོད་པ་རེད།