དོགས་གཞི་ཅན་གྱི་མེ་སྐྱོན།

ཟླ་འདིའི་ཕྱི་ཚེས་ ༧ ཉིན་གྱི་ཕྱི་དྲོ་ཨ་མདོ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འོག་གི་ས་གནས་ཁག་ ༤ ཡི་ནགས་ཚལ་དང་རྩྭ་སར་དུས་གཅིག་ཏུ་མེ་སྐྱོན་བྱུང་ཡོད་འདུག་ཅིང་། མེ་སྐྱོན་བྱུང་ཡུལ་གྱི་ས་ཁུལ་དེ་དག་ནི་ཀན་ལྷོ་ཁུལ་ཐེ་བོ་རྫོང་སྟེང་ཀའི་ནགས་ར་དང་། བསང་ཆུ་རྫོང་འབོ་ར་ཞང་། གཙོས་གྲོང་ཁྱེར་སྣ་བུག་ཞང་། བསང་ཆུ་རྫོང་མར་ཐང་ཞང་བཅས་ཡིན་འདུག མེ་སྐྱོན་བྱུང་མ་ཐག་ས་གནས་མང་ཚོགས་ཀྱིས་འབྲེལ་ཡོད་ལས་ཁུངས་ལ་ཡར་ཞུ་བྱས་ཏེ། ཞིང་ཆེན་དང་ཁུལ། རྫོང་། ཞང་། ས་གནས་ལས་བྱེད་དང་གྲོང་པའི་མང་ཚོགས།  དྲག་ཆས་ཉེན་རྟོག་དཔུང་ཁག སྤྱི་བདེ་ཉེན་རྟོག་རུ་ཁག ནགས་ཚལ་མེ་སྐྱོན་སྔོན་འགོག་རུ་ཁག་བཅས་ཀྱིས་མཉམ་རུབ་ཐོག བྱེད་ཐབས་སྣ་ཚོགས་སྤྱད་དེ་ཕྱོགས་འདྲ་མིན་ནས་མེ་གསོད་ཀྱི་བྱ་བ་འབད་སྒྲུབ་བྱས་མཐར། ཚེས་ ༨ ཉིན་མེ་གང་འཚམ་གསོད་ཐུབ་པ་བྱུང་ཡོད་འདུག

ཐེངས་འདིའི་མེ་སྐྱོན་ཁྲོད་མི་ཤི་རྨས་ཀྱི་གནས་ཚུལ་བྱུང་ཡོད་མེད་དང་། མེ་སྐྱོན་བྱུང་སའི་ས་ཆའི་རྒྱ་ཁྱོན་ལ་སྡོམ་རྩིས་སོགས་ད་སྔ་བྱ་ཐུབ་ཡོད་མི་འདུག མེ་སྐྱོན་གྱི་གནད་དོན་དེའི་ཐད་ཀན་སུའུ་ཞིང་ཆེན་ནགས་ཚལ་མེ་སྐྱོན་སྔོན་འགོག་གོ་སྒྲིག་སྡེ་ཁག་གི་གཙོ་འཛིན་ཉྭན་ཀྲུང་ཡུང་གིས་བརྗོད་པ་ལྟར་ན། ཐེངས་འདིའི་མེ་སྐྱོན་འདི་ནི་ཕྱི་ཚེས་ ༧ ཉིན་གྱི་ཕྱི་དྲོར་ས་ཁུལ་དེ་དག་ལ་མཉམ་གཅིག་ཏུ་བྱུང་བ་ཞིག་ཡིན་སྟབས། ཅུང་རྒྱུན་ལྡན་མིན་པ་དང་དོགས་གཞི་ཡོད་པ་ཞིག་ཆགས་ཡོད། འོན་ཀྱང་། ཞིང་ཆེན་དང་ཁུལ་རིམ་པའི་མེ་གསོད་རུ་ཁག་གིས་ཧུར་ཐག་བྱས་འོག ད་ལྟ་མེ་སྐྱོན་ལ་ཚོད་འཛིན་ཐུབ་སྟེ་ཉེན་ཁ་མེད་པའི་གནས་སུ་སླེབས་ཡོད། ང་ཚོས་ད་ལྟ་ཉེན་རྟོག་ལས་ཁུངས་དང་མཉམ་སྒྲིལ་འོག དོན་རྐྱེན་འདིའི་རྒྱུ་རྐྱེན་སྐོར་ལ་ཞིབ་འཇུག་དང་བརྩད་གཅོད་བྱེད་ཀྱིན་པའི་སྒང་ཡིན། ཞེས་བརྗོད་འདུག

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

5 thoughts on “དོགས་གཞི་ཅན་གྱི་མེ་སྐྱོན།

  1. དོན་འགྲུབ་བཀྲ་ཤིས།

    ཐེངས་འདིའི་མེ་སྐྱོན་དེ་ཅུང་ཡ་མཚན་ཅན་ཞིག་ཡིན་འདུག མེ་ཤོར་སུའི་ཤིང་ནགས་དེ་ནི། རྒྱ་གཞུང་གིས་ས་གནས་མང་ཚོགས་ལ་ཆེད་དུ་བཀའ་བཏང་སྟེ། འདེབས་འཛུགས་བྱེད་དུ་བཅུག་པའི་སྡོང་ཕྲུག་ནགས་ཚལ་ཡིན་འདུག་ལ། ཐེངས་འདིར་མེ་སྐྱོན་བྱུང་བའི་ས་ཚིགས་དེ་བཞི་ལ་མེ་ཤོར་བའི་ཉི་མ་ཡང་གཅིག་ཡིན་འདུག ཀན་ལྷོ་ཁུལ་ཐེ་བོ་རྫོང་ཟེར་བ་དེ་ནི་རྒྱ་ནག་གི་ནགས་ཚུལ་ཆེ་གྲས་སུ་རྩི་བཞིན་ཡོད།