བོད་རྒྱ་འབྲེལ་མོལ་ཐེངས་དགུ་བར་ལྟ་སྟངས།

 

བོད་རྒྱ་འབྲེལ་མོལ་ཐེངས་དགུ་བའི་སྐོར་གྱི་གསར་འགོད་གསལ་བསྒྲགས་བསྐྱངས་རྗེས། འདི་ག་གསར་ཁང་གིས་བཙན་བྱོལ་ནང་གི་ཚོགས་སྡེ་ཁག་གིས་དེ་ལ་ལྟ་སྟངས་གང་འདྲ་ཞིག་བཟུང་ཡོད་མེད་ལ་ལྟ་ཕྱིར་མི་སྣ་འགར་བཅར་འདྲི་ཞུས་པ་ཡིན།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས། བོད་རྒྱ་འབྲེལ་མོལ་ཐེངས་དགུ་བ་གནང་ཚར་ཡང་། བོད་ཀྱི་གནད་དོན་ཁ་གསལ་དུ་འགྲོ་བ་དང་། གྲུབ་འབྲས་ཐོན་བསྡད་པ། ཡར་རྒྱས་ཀྱི་རྣམ་པ་མེད་པ་དེ་སྐུ་ཚབ་རྣམ་པས་ཐེངས་འདིའི་གསར་འགོད་གསལ་བསྒྲགས་སྟེང་གསལ་བོར་གསུངས་པ་ལྟར་རེད། སྤྱི་ཡོངས་ནས་འབྲེལ་མོལ་ཐེངས་དགུ་བྱས་པའི་གོ་རིམ་དེ་དག་རྒྱ་ནག་གིས་ང་ཚོའི་དུས་ཚོད་འཕྲོ་བརླགས་བཏང་བ་ཙམ་ལས་དོན་དངོས་ཐོག བོད་དོན་ཐོག་བཟང་ཕྱོགས་ཀྱི་རྣམ་པ་དང་དཀའ་རྙོག་སེལ་པའི་བསམ་བློ་མེད་པ་དེ་གསལ་བོ་རེད། ཐེངས་འདིར་སྐུ་ཚབ་ཚོགས་པས་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་ཀྱི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་ཡིག་ཆ་དང་འབྲེལ། དོན་ཚན་བདུན་གྱི་སྟེང་རེ་འདུན་བཏོན་པར་རྒྱ་ནག་གིས་ “བྱེད་མི་རུང་བ་བཞི” ལ་སློབ་སྦྱོང་བྱ་དགོས་པའི་བརྡ་ལན་ཞིག་སྤྲད་ཡོད་པ་རེད། དེའི་ཐད་རྒྱ་རི་རིན་པོ་ཆེས་སྐུ་ཚབ་རྣམ་པས་འབྲེལ་མོལ་ཐེངས་དགུ་བའི་གནད་དོན་ཐད་མུ་མཐུད་ཞིབ་འཇུག་གནང་རྒྱུ་ཡིན་པའི་སྐོར་གསུངས་ཡོད་པ་ལྟར། རིམ་པས་ཞིབ་འཇུག་བྱས་རྗེས་གནད་དོན་གང་འདྲ་ཞིག་ཡོད་མེད་དང་། ཐེངས་རྗེས་མར་འབྲེལ་མོལ་བྱུང་བ་ཡིན་ན་ཕྱོགས་གཉིས་ཀྱི་བཀའ་མོལ་དང་གསལ་བཤད་གནང་རྒྱུ་ཞིག་ཡིན་རྒྱུ་རེད་བསམ། ང་ཚོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ངོས་ནས་ ༡༩༧༠ ནས་བོད་རང་བཙན་སླར་གསོའི་ཆེད་འཐབ་རྩོད་བྱེད་ཀྱིན་ཡོད་སྟབས། རྒྱ་ནག་གིས་བཏོན་པའི་” བྱེད་མི་རུང་བ་བཞི་ ” ཞེས་པ་དེར་ངོས་ལེན་བྱེད་ཐུབ་པ་ཞིག་མ་རེད་ཅེས་བརྗོད་བྱུང་།

    རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཁང་གི་འབྲེལ་མཐུད་པ་ཚེ་རིང་ཆོས་གྲུབ་ལགས་ལ་བཀའ་འདྲི་ཞུས་པར་ཁོང་གིས། ང་ཚོས་ནམ་ཡིིན་ཡང་རྒྱ་ནག་དང་མཉམ་དུ་འབྲེལ་མོལ་བྱ་དགོས་པ་རེད། ཡིན་ནའང་། འབྲེལ་མོལ་གནང་བའི་སྐབས་སུ་འབྲེལ་མོལ་གྱི་མཚམས་གང་ལ་སླེབས་ཡོད་མེད་གསལ་བོ་བཟོ་རྒྱུ་དེ་གལ་ཆེན་པོོ་རེད། ནམ་རྒྱུན་རྒྱ་མིས་བཤད་པ་ལྟར་འགྲོ་བསྡད་པ་ཞིག་ཆགས་པ་ཡིན་ན། ང་ཚོས་ད་ལྟ་བཤད་བསྡད་ཡོད་པ་དེ་མ་འོངས་པར་ཏག་ཏག་རག་ཐུབ་གི་ཡོད་མེད་ཐོག་ལ་བསམ་གཞིགས་བྱ་དགོས་པ་ཞིག་རེད་བསམ། ང་ཚོའི་ངོས་ནས་བཙན་བྱོལ་གཞུང་གི་ལྟ་བ་དང་ལངས་ཕྱོགས་གང་འདྲ་ཞིག་གི་སྒང་ནས་རྒྱ་ནག་ལ་ཞུ་བཞིན་པ་ཡིན་ཡང་། མཇུག་བསྡོམས་ཡག་པོ་ཞིག་དགོས་པ་རེད། འབྲེལ་མོལ་ཐེངས་དགུ་གནང་ཡོད་པ་རེད། ཚུར་ཕེབས་དུས་ཀྱི་བཀའ་མོལ་ཕལ་ཆེར་རྒྱ་ནག་དང་འདྲ་བོ་ཞིག་མ་གཏོགས། ཕྱོགས་འདིའི་ཐད་ནས་ཡག་པོ་བྱུང་འདུག་བསམ་རྒྱུ་མེད་བསྡད་པའི་ཚོར་བ་ཞིག་རང་བཞིན་གྱིས་སྐྱེས་ཡོང་གི་འདུག ཁྱོན་ཡོངས་ནས་བོད་ཀྱི་གནད་དོན་གླེང་བསྡད་ཡོད་ནའང་ཉེ་ཆར་ནས་བཟུང་རྒྱ་ནག་གིས། ༧གོང་ས་མཆོག་དང་ཁོང་གི་སྐུ་སྒེར་གྱི་མི་ཁ་ཤས་ཤིག་གི་དོན་གླེང་གི་ཡོད་པ་ལས་གཞན་པའི་གནད་དོན་གླེང་གི་མེད་ཚུལ་བརྗོད་ཀྱིན་ཡོད་པ་རེད། བོད་ནང་གི་བོད་མི་ཚོར་མཚོན་ནའང་བོད་ནང་གི་སྐུ་ཚབ་ཉི་མ་ཚེ་རིང་ལ་སོགས་པས་ང་ཚོར་ཐོབ་ཐང་མེད་པའི་སྐོར་བརྗོད་ཡོད་པའི་གནད་དོན་དེ་དག་ལའང་ང་ཚོའི་ངོས་ནས་ལན་གང་འདྲ་ཞིག་སྤྲོད་དགོས་མིན་གལ་ཆེན་ཆགས་འདུག་བསམ། ང་རང་ལ་མཚོན་ན་ ” བྱེད་མི་རུང་བ་བཞི” ཞེས་པ་དེ་ཏག་ཏག་བསྡད་མེད་པའི་ཚོར་སྣང་སྐྱེས་འོང་གི་འདུག ཅེས་བརྗོད་བྱུང་ལ། ཡང་ཁོང་གིས། ཐེངས་འདིར་སྐུ་ཚབ་ཚོ་ཕེབས་པ་དེ་ཕྱོགས་གཅིག་ནས་བལྟས་ན། རྒྱལ་ཁབ་གཞན་གྱི་གནོན་ཤུགས་མི་ཡོང་བའི་ཆེད་དུ་རེད་བསམ། དཔེར་ན་ཨོ་བྷ་མ་དང་༧གོང་ས་མཆོག་མཇལ་འཕྲད་གནང་རྒྱུ་དེ་ཧ་གོ་བ་ལྟར་ང་ཚོའི་སྐུ་ཚབ་གདན་འདྲེན་ཞུས་ཏེ་འབྲེལ་མོལ་གནང་བ་རེད། འདིས་༧གོང་ས་མཆོག་དང་ཨོ་བྷ་མ་མཇལ་འཕྲད་སྐབས་ཁོང་ཚོའི་ཐོག་སྐད་ཆ་གཞན་མི་ཡོང་བའི་ཆེད་སྔོན་ལ་གོ་སྒྲིག་བྱས་པ་རེད། ཕྱོགས་གཞན་ནས་བལྟས་ན། ང་ཚོས་འབྲེལ་བ་མུ་མཐུད་བྱ་དགོས་པ་རེད། ཡིན་ནའང་དོན་ཕན་སོན་པ་ཞིག་ཡོང་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་། 

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྒོ་དྲུག་སྐལ་བཟང་ཕུན་ཚོགས་ལགས་ཀྱིས། ༡༩༧༩ ལོ་ནས་ད་ལྟའི་བར་གྱི་འབྲེལ་མོལ་གྱི་བྱུང་རིམ་དང་། འདས་པའི་ལོ་ལྔ་དྲུག་རིང་བཙན་བྱོལ་གཞུང་གི་དབུ་མའི་ལམ་གྱི་གཟིགས་སྟངས་དང་བོད་རྒྱ་ཞི་མོལ་ཡོང་ཐབས་ཀྱི་འབད་བརྩོན་བཅས་ལ་བལྟས་ན་ང་ཚོའི་ངོས་ནས་ཡིག་ཐོག་ལ་ཕབ་མིན་གྱི་ཁྱད་པར་མ་གཏོགས་སྔོན་མ་ནས་རྒྱ་ནག་གི་དགོས་འདུན་དེ་དག་ལ་ཁས་ལེན་བྱས་ཡོད་པ་ཞིག་དང་། བོད་རྒྱ་ཞི་མོལ་བྱས་པའི་གཞི་རྟེན་ལ་གྲ་སྒྲིག་བྱས་ཚར་བ་ཞིག་ཡིན་སྟབས། ཧང་སངས་དགོས་པ་དེ་འདྲ་ཞིག་དང་གནས་ཚུལ་གསར་བ་ཞིག་གཏན་ནས་མ་རེད། ཡིན་ནའང། གལ་ཆེ་ཤོས་དེ་བོད་རྒྱ་གཉིས་ཀྱི་འབྲེལ་མོལ་ཐད་ང་ཚོས་གང་བྱས་ཡོད་མེད་ལ་མ་ལྟོས་པར་རྒྱ་ནག་གིས་ཡག་སྡུག་གི་བརྡ་ལན་གང་སྤྲད་པ་དེ་བོད་རྒྱ་འབྲེལ་མོལ་གྱི་སྒང་ནས་བལྟས་པ་ཡིན་ན། བཟང་ཕྱོགས་ཀྱི་འགྱུར་བ་ཞིག་དང་གཏམ་བཟང་པོ་ཞིག་ལ་ལ་བལྟ་ཆོག་གི་རེད་བསམ། རྒྱུ་མཚན་ནི། སྐབས་སྔོན་མར་དུས་ཚོད་གང་འཚམ་ཞིག་ལ་ཡ་ལན་སྤྲད་མེད་པ་དང་ཐེངས་འདིར་ཟླ་བ་ ༡༥ ལྷག་གི་རིང་འགོར་ཡོད་པ་རེད། ཐེངས་འདིར་འབྲེལ་མོལ་བྱས་ཏེ་གནས་ཚུལ་གང་མང་ཞིག་གླེང་ཡོང་གི་ཡོད་པ་དེ། སྟོབས་ཆེན་གྱི་རྒྱལ་ཁབ་ཀྱིས་བོད་མི་རིགས་དང་བོད་ཀྱི་འཐབ་རྩོད་ལ་སྐྲག་མི་དགོས་པ་དང་གཙི་སྲུང་བྱ་མི་དགོས་པའི་སྐད་ཆ་གླེང་ཡོང་བའི་རྒྱབ་ལྗོངས་ལ་བལྟ་དུས། འདས་པའི་ཟླ་ ༢༠ ལྷག་གི་ནང་༧གོང་ས་མཆོག་གི་ཆིབས་བསྒྱུར་གཙོས་པའི་བཙན་བྱོལ་བོད་མིའི་འཐབ་རྩོད་དེ་འགྲིག་བསྡད་པ་ཞིག་དང་ནུས་པ་ཅུང་ཟད་ཐོན་བསྡད་པ་ཞིག་མཐོང་གི་འདུགརྒྱ་ནག་གི་ངོས་ནས་འབྲེལ་མོལ་ཚུར་མགོ་འཛུགས་དགོས་པ་ཞིག་ཆགས་ཡོད་པ་རེད། སྐུ་ཚབ་ཐེངས་བརྒྱད་པའི་སྐབས་སུ་རྒྱ་ནག་གིས་བཤད་དོན་ལ། འདས་པའི་སྐུ་ཚབ་ནང་བྱུང་མ་མྱོང་བའི་རྣམ་འགྱུར་ཡག་པོ་བསྟན་བྱུང་ཞེས་བརྗོད་ཡོད་པ་རེད། སྐད་ཆ་འདི་སྔར་ལོ་བོད་ནང་ཟིང་འཁྲུག་ལངས་རྗེས་བཤད་པ་ཞིག་རེད། རྒྱུ་མཚན་དེ་དག་གི་དབང་གིས་ད་ལྟའི་ཆར་སྐད་ཆ་གང་འདྲ་ཞིག་གླེང་གི་ཡོད་ནའང་། ང་ཚོས་ཁས་བླངས་པ་དེ་གསར་བ་གང་ཡང་མིན་པ་དང་། ཁོང་ཚོའི་ངོས་ནས་ཁས་ལེན་དགོས་པ་དང་འདྲི་དགོས་པའི་རིགས་ཏེ་ཁོང་ཚོས་མགོ་འཛུགས་བཞིན་པ་ཡིན་སྟབས། རྒྱབ་ལྗོངས་ལ་གསལ་བོ་ཞིག་བལྟས་པ་ཡིན་ན། ང་ཚོའི་ངོས་ནས་ནུས་པ་གང་ལ་གང་འཚམ་ཞིག་ཐོན་ཡོད་པ་རེད།

སྤྱིར་དབུ་མའི་ལམ་ཞེས་པ་དེ་རང་བཙན་རྩོད་པ་ལྟ་བུ་ཞིག་མ་རེད་ལ། རང་དབང་ལུང་པའི་ནང་ཡོད་པའི་མི་རིགས་ཀྱི་རང་དབང་རྩོད་པ་ཞིག་ཀྱང་མ་རེད། འདི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་དང་སྒྲིག་གཞིའི་ནང་བོད་མི་རིགས་ཀྱི་རང་དབང་ཞིག་རྩོད་ཀྱིན་པ་ཡིན་སྟབས། ཕར་ཕྱོགས་ཀྱི་སྤྱི་ཚོགས་ལ་གོམས་གཤིས་མེད་བསྡད་མཁན་ཞིག་དང་། ཚུར་ཕྱོགས་ཀྱི་མི་རིགས་འདི་ལའང་འདི་འདྲའི་ལོ་རྒྱུས་ནང་ཐོབ་ཐང་མེད་བསྡད་མཁན། མི་རིགས་རང་བཙན་ཡིན་བསྡད་པ་ཞིག་གིས་ང་ཚོར་རང་བཙན་མི་དགོས་རང་དབང་དགོས་ཞེས་ལབ་བསྡད་པ་མ་གཏོགས་སེམས་ཀྱི་ནང་བག་ཆགས་མེད་བསྡད་མཁན། དེ་འདྲའི་གནས་བབ་ཞིག་གི་ཐོག་ནས་ཧ་ཅང་ཁག་པོ་ཞིག་ཆགས་ཡོད་པ་རེད། ཁ་ཆེ་ལུང་པས་མི་ལོ་ ༡༠༠༠ ཕྲག་གཅིག་རིང་དམག་བརྒྱབས་པ་དེ་འདྲ་ཞིག་ང་ཚོས་དབུ་མའི་ལམ་གྱི་རྩ་དོན་སྒྲུབ་པར་མ་མཐར་ཡང་ལོ་ངོ་ ༡༠༠༠ གི་དམག་ཡིན་བསམ་དགོས་པ་རེད། འདོད་པའི་སྒང་ནས་ལམ་སེང་འགྲུབ་པའི་རེ་བ་ཡོད་ཀྱང་། ལོ་གཅིག་གཉིས་དང་ལོ་བཅུ་བཅོ་ལྔའི་ནང་ཡོང་ཐབས་ཤིག་ད་ལྟའི་གནས་བབ་དུ་རྩ་བ་ཉིད་ནས་ཚོད་དཔག་བྱ་མི་ཐུབ་པ་ཞིག་ཆགས་ཡོད་པ་རེད། དངོས་ཡོད་ཀྱི་གནས་བབ་ལ་བལྟས་པ་ཡིན་ན། ལོ་སྟོང་ཕྲག་ལ་འབྲེལ་མོལ་བྱས་ནས་ཡོང་ཐུབ་པ་ཞིག་རེད། ང་ཚོ་བོད་མི་རིགས་ལ་མཚོན་ན་ཕ་མེས་ཡང་མེས་ནས་རྒྱལ་ཁབ་གཞན་པའི་བཙན་གནོན་འོག་མི་རིགས་རྩ་མེད་སོང་བའི་མི་རིགས་ཀྱི་འཐབ་རྩོད་བྱུང་བའི་ལོ་རྒྱུས་དེ་འདྲ་ཞིག་ཡོད་པ་མ་རེད། རང་དབང་དང་རང་བཙན་འཐབ་རྩོད་བྱས་པའི་ལོ་རྒྱུས་མེད་བསྡད་པ་ཞིག་ཡིན་སྟབས། བོད་མི་ཚོས་སྐུ་ཚབ་ཚོགས་པ་ཕེབས་ཐེངས་རེར་དོན་ཆེན་པོ་རེ་འགྲུབ་དགོས་པའི་བསམ་འདུན་འཁྱེར་གྱིན་ཡོད་པ་རེད། དེ་འདྲའི་བསམ་ཚུལ་བྱུང་རྐྱེན་དེ་ང་ཚོར་མི་རིགས་འཐབ་རྩོད་ཀྱི་བག་ཆགས་མེད་པའི་དབང་གིས་རེད། གནས་ཚུལ་དེའི་རིགས་ཕྱོགས་གཅིག་ནས་བློ་ཕམ་གྱི་གནས་ཤིག་དང་། ཕྱོགས་གཞན་ཞིག་ནས་རིམ་བཞིན་མི་རིགས་འདིའི་འཐབ་རྩོད་རྒྱུན་འཁྱོངས་ཀྱི་སྙིང་སྟོབས་བརླག་འགྲོ་བའི་ཉེན་ཁ་ཞིག་མཐོང་གི་འདུག ང་ཚོའི་འབྲེལ་མོལ་གྱི་གྲུབ་འབྲས་ཏེ་རྒྱ་ནག་གིས་ཅི་བྱེད་མིན་ལ་མ་ལྟོས་པར། བོད་ནང་གི་བོད་མི་ཚོར་རང་དབང་དང་ཆོས་དང་རིག་གཞུང་སོགས་ཀྱི་ཐད་ཡར་རྒྱས་འགྲོ་གི་ཡོད་མེད་སོགས་ཀྱི་ཐད་ལ་དཔྱད་པ་བྱས་ན། ལོ་རེར་འགྱུར་བ་འགྲོ་བཞིན་པ་ཞིག་མཐོང་གི་རེད། དེ་མ་ཡིན་པར་བཙན་བྱོལ་གཅིག་པུར་བལྟས་བསྡད་པ་ཡིན་ན་འགྲིག་གི་ཡོད་པ་མ་རེད། ཅེས་བརྗོད་བྱུང་།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “བོད་རྒྱ་འབྲེལ་མོལ་ཐེངས་དགུ་བར་ལྟ་སྟངས།

  1. བོད་རྒྱ་ཞི་མོལ་གྱི་ངོ་བོ་དང་རྒྱབ་ལྗོངས་མདུན་ངོས་སོགས་ཐམས་ཅད་ལ་གཟིགས་དགོས །གཞོན་ནུའི་ཚོགས་གཙོ་གྱིས་བོད་རྒྱ་ཞི་མོལ་ལ་གྲུབ་འབྲས་མེད་པ་མ་སྲིད་རྒྱ་ནག་ཀི་དུས་འཕྲོ་བརླགས་པ་བཏང་བ་ཙམ་ལས་དཀའ་རྙོག་སེལ་བས་གྲོས་མོལ་འཚོགས་འདུ་ཞིག་སྐོང་ཐུབ་མེད་ལ་རེད་ཞེས་གསུང་འདུག དེ་ལ་མཐའ་བསྡོམས་ཆུང་ཆུང་ཞིག་རྒྱབ་ན ། བོད་ཀྱི་བཀའ་རྙོག་དེ་བྱུང་ས་ནས་སེལ་དགོས། བོད་རྒྱ་གཉིས་ཀྱི་བགྲོ་མོལ་འཚོགས་འདུས་འཇུག་འབྲས་ཕྱོགས་གཉིས་ནས་གསར་བསྒྲག་སྤེལ་པ་དེ་ལ་ལྟ་རྒྱུ་མེད་དེ་ནི་ཕྱོགས་གཉིས་ཀྱི་་ཕྱིའི་ཆབ་སྲིད་ཀྱི་གཟུགས་དབྱིབས་བསྒྲག་ཙམ་རེད། ལྟ་ས་ངོ་མ་་ནི་རྒྱལ་སྤྱིའི་བོད་ལ་ལྟ་སྟངས་དང་རྒྱ་ནག་མི་དམངས་ཀྱི་བསམ་བློའི་ཁ་ཕྱོགས་རྒྱ་ནག་གཞུང་གི་མི་དམངས་ལ་བསྟུན་སྟངས་ལ་ལྟ་དགོས རྒྱ་སྤྱིའི་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་པ་ཚེ་དབང་དངོས་གྲུབ་ཀྱིས་་བགྲོ་མོལ་གྱི་ས་མཚམས་གང་འདྲ་ཡིན་་མིན་གསལ་པོར་བཟོ་རྒྱུ་དང་འཇུག་བསྡོམས་ཡག་པོ་ཞིག་རྒྱག་རྒྱུ་གལ་ཆེན་པོ་རེད་གསུང་འདུག ། དེ་ལ་བསམ་ཚུལ་ཐུང་ཐུང་ཞིག་བཤད་ན ། བོད་རྒྱ་གྲོས་མོལ་ནི་རྒྱ་ནག་ལ་་བསྟུན་ཐབས་ཀྱི་སྲིད་ཇུས་ཤིག་རེད ། བཀའ་རྙོག་བགྲོ་གླེང་ཚོགས་འདུ་འཚོགས་སྐབས་ཆ་མཐུན་གྱི་བརྟུལ་ཞུགས་དང་གུས་ཞབས་ཀྱི་བྱེད་ཐབས་སྣ་ཚོགས་ཤིག་བེད་སྤྱོད་བཏང་ནས་རེ་འདུན་དྭངས་མ་དེ་ལེན་ཐབས་བྱེད་དགོས། བྱེད་ཐབས་འདི་བེད་སྤྱད་ཕྱིན་ཆད་རྒྱ་ནག་གིས་གང་བཤད་ཐམས་ཅད་འུར་སྒྲོག་བྱེད་རྐྱང་མིན ། བོ

  2. བཀྲ་ཤིས་སྒྲོལ་མ།

    གུས་མོས་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པར་བལྟ་སྟངས་བཤད་ཀྱི་ཡིན། བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་ཉེ་བའི་ཉིན་ཤས་སྔོན་ནས་མགོ་འཛུགས་བྱས་པ་རེད། བོད་ཀྱི་སྐུ་ཚབ་བམ་༸གོང་ས་མཆོག་གི་སྐུ་ཚོ་རྒྱ་ནག་ཏུ་ཕྱིན་པ་རེད། ཕན་ཚུན་བར་གྲོས་མོལ་བྱས་པ་རེད། མཇུག་གྲུབ་སོང་བ་རེད། སྐུ་ཚབ་ཚོ་རྡ་སར་སླེབས་པ་རེད། སྐབས་དེར་རྒྱ་ནག་གི་ངོས་ནས་འཆར་གཞི་དང་གྲ་སྒྲིག་སྔ་ས་ནས་ཡོད་པའི་སྒང་ནས་གྲོས་མོལ་ཐེངས་དགུ་བའི་ཐད་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་རེད། བོད་ཀྱི་སྐུ་ཚབ་ཚོས་ཀྱང་རྡ་ས་ནས་གསར་འགོད་གསལ་བསྒྲགས་ཤིག་རྒྱ་ནག་གིས་སྤེལ་པའི་གསར་འགོད་གསལ་བསྒྲགས་དང་ཐག་ཉེ་ཙམ་སྤེལ་བ་རེད། བོད་ཀྱི་སྐུ་ཚབ་ཚོས་༼བོད་ལ་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་༽གནད་དོན་འགྲེལ་བཤད་ཁུར་ནས་སོང་བ་རེད། རྒྱ་ནག་གིས་ང་ཚོས་རེ་བ་ལ་སྔ་ལོ་ཁོང་ཚོར་སྤྲད་པའི་དྲན་ཐོའི་ནང་གི་བཤད་མི་འོས་པའི་གནས་ཚུལ་ཁག་ལ་ངོས་ཟིན་བྱས་ཏེ་ཡོང་པའི་་རེ་བ་བྱས་ཀྱང་། མ་བསམ་ས་ནས་ཁོང་ཚོས་ཡང་བསྐྱར་དྲན་ཐོའི་འགྲེལ་བཤད་ཁུར་ནས་སླེབ་ཡོད་ཚུལ་བཤད་འདུག ད་དུང་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་མཇུག་གྲུབ་པ་དང་རྒྱ་ནག་གིས་༸གོང་ས་མཆོག་ལ་ཉེས་འགེལ་སྣ་ཚོགས་བྱེད་རྒྱུའི་མགོ་བཟུང་ཡོད་པ་རེད། མ་ཟད་ཁོང་ཚོས་བྱེད་མི་རུང་བ་བཞི་ལ་སློབ་སྦྱོང་བྱེད་དགོས་ཚུལ་བཤད་འདུག འོན་ཀྱང་ཡ་མཚན་པ་ཞིག་ལ་གནས་ཚུལ་ཁ་གསལ་མི་འདུག་ཏེ་ཕལ་ཆེར་ཚིག་ཟུར་དང་བཤད་སྟངས་ལ་ཉན་ཚེ་བོད་ཀྱི་སྐུ་ཚབ་ཚོས་ཀྱང་བྱེད་མི་རུང་བ་བཞིར་སློབ་སྦྱོང་བྱེད་རྒྱུའི་ཁས་ལེན་བྱས་ཡོད་ཚོད། གནས་ཚུལ་འདིའི་སྟེང་ནས་ས་མཚམས་འདིར་སླེབས་ནས་འབྲེལ་མོལ་ཐེངས་དགུ་པ་ཡོངས་སུ་མཇུག་གྲུབ་པ་རེད། ད་ང་ཚོར་ཡང་བསྐྱར་བསམ་བློ་གཏོང་སའི་རྨང་གཞི་ཞིག་ལྷག་འདུག་གམ། ད་ང་ཚོར་ཡང་བསྐྱར་འགྲོས་མོལ་བྱེད་རྒྱུའི་གཞི་རྩ་ཞིག་ལྷག་འདུག་གམ། ད་ང་ཚོར་ཡང་བསྐྱར་བརྒྱུད་ལམ་འདི་བརྒྱུད་ནས་འགྲོ་སའི་ལམ་ཞིག་ལྷག་འདུག་གམ། ད་ང་ཚོར་ཡང་བསྐྱར་བརྒྱུད་ལམ་འདི་ནས་སོང་ན་ཁེ་ཕན་ཞིག་འདུག་གམ། མ་གཞི་ནས་འབྲེལ་མོལ་འདི་མཚམས་ཡོངས་སུ་འཇོག་རྒྱུར་གུས་མོར་སེམས་གཏིང་ནས་མོས།