བོད་དོན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་གི་རྩོད་རྙོག་ནི། ཆོལ་ཁ་དང་ཆོས་ལུགས་ཀྱི་རྩོད་རྙོག་མིན་པར་མི་ཚང་གཉིས་ཀྱི་རྩོད་རྙོག་རེད་ཟེར།
ཕྱི་ཚེས་ ༧ ཉིན་འོད་དཀར་དྲ་ཚིགས་ཀྱི་གོ་སྒྲིག་འོག་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་ཚོགས་ཁང་ནང་། འབྱུང་འགྱུར་བཀའ་བློན་ཁྲི་པ་འདེམས་བརྐོ་ཞེས་པའི་བརྗོད་གཞིའི་སྟེང་བགྲོ་གླེང་ཚོགས་འདུ་ཞིག་བསྐོངས་འདུག་ལ། བགྲོ་གླེང་ཚོགས་འདུའི་སྟེང་གདན་ཞུའི་བགྲོ་གླེང་བ་རྣམས་ནི་བོད་མི་མང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་དང་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་གི་གཞིས་མགོ་ཟུར་བ་དང་ལྡི་ལི་དོན་གཅོད་ཁང་གི་དྲུང་ཆེ་བཀྲ་ཤིས་དབང་འདུས། བོད་དོན་འཐབ་རྩོད་པ་དང་རྩོམ་པ་བོ་བསྟན་འཛིན་བརྩོན་འགྲུས་དང་བོད་ཀྱི་གཞོན་ནུའི་ཚོགས་གཞོན་ཟུར་བ་བློ་བཟང་ཡེ་ཤེས་བཅས་ཡིན་འདུག
ཉིན་དེར་བོད་མི་མང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་ད་ལྟ་སྤྱི་ཚོགས་ནང་དུ་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པར་གཞོན་སྐྱེས་ཤིག་དགོས་པ་རེད་ཟེར་བ་དང་བུད་མེད་ཅིག་དགོས་པ་རེད་ཟེར་མཁན་སོགས་ཡོད་ནའང་། བཀའ་བློ་ཁྲི་པ་དེ་སྲིད་བྱུས་ལག་བསྟར་བྱེད་མཁན་ཡིན་སྟབས། ངས་ཤེས་ཡོན་དང་དཔལ་འབྱོར་ཕྱོགས་ནས་སྔར་དང་མི་འདྲ་བར་གསར་ཏུ་གཏན་འབེབས་གནང་ཐུབ་མཁན་ཞིག་དགོས་པ་གལ་ཆེན་པོར་མཐོང་གི་ཡོད་ཅེས་གསུངས་པ་དང་། ལྡི་ལི་དོན་གཅོད་དྲུང་ཆེ་བཀྲ་ཤིས་དབང་འདུས་ལགས་ཀྱིས་ ༢༠༡༡ ལོའི་བཀའ་ཁྲི་དེ་དེང་སང་དྲ་རྒྱ་ཁག་དང་གསར་ཤོག་ཁག་བཅས་སུ་ཤུགས་ཆེར་གླེང་གི་འདུག་ལ། སྔོན་དང་མི་འདྲ་བར་བཀའ་ཁྲི་ལ་གཞོན་སྐྱེས་ཤིག་དགོས་པ་རེད་ཟེར་མཁན་ཤུགས་ཆེན་པོ་རེད། སྔོན་མ་བཀའ་ཁྲི་ལབ་ན་ང་ཚོ་བོད་ཀྱི་སྤྱི་ཚོགས་ནང་དུ་ལོ་དྲུག་ཅུ་ཡན་མ་གཏོགས་མིག་ལམ་ལ་ཤར་གི་མེད་པ་དང་། ལོ་དྲུག་ཅུ་མ་ལོན་པ་དག་གི་དོ་བདག་སྒེར་གྱིས་ཀྱང་བཀའ་ཁྲི་འཇོན་གི་མ་རེད་བསམ་བསྡད་ཡོད།
ང་ཚོའི་མང་གཙོ་ནི་༧གོང་ས་མཆོག་གིས་མར་གསོལ་རས་སུ་གནང་བ་རེད། མི་ལོ་ལྔ་བཅུའི་ཉམས་མྱོང་སྟེང་ནས་མི་མང་གིས་ཀྱང་གཞོན་སྐྱེས་དགོས་ཀྱི་འདུག་ཅེས་མང་གཙོ་ཚད་ལྡན་གྱི་ཕྱོགས་སུ་གོམ་པ་སྤོ་གི་འདུག ངས་དཔེ་ཞིག་བཞག་ནས་ཞུས་ན་ང་རང་བཀའ་ཁྲི་ལ་གཞོན་སྐྱེས་དགོས་ཟེར་མཁན་ཞིག་ཡིན། འཛམ་བུ་གླིང་གི་འགྲོ་སྟངས་ལྟར་དྲུང་ཆེ་དང་གཞུང་གི་ལས་ཀ་གལ་ཆེན་བྱེད་མཁན་དག་ལོ་བཞི་བཅུའི་ཡན་དང་ལོ་དྲུག་ཅུ་ལས་མ་བརྒལ་བ་དགོས་པ་རེད། ལོ་དྲུག་ཅུ་ལས་བརྒལ་བ་ཚོའི་སེམས་ཀྱིས་ལྕོགས་ཀྱང་ལུས་པོས་མི་ལྕོགས་པ་དང་། གཞུང་གི་ལས་བྱེད་ལ་ལོ་དྲུག་ཅུ་མ་བརྒལ་བ་དགོས་ན་བཀའ་ཁྲི་ལ་དེ་བས་ཀྱང་དགོས་པ་རེད་ཅེས་དང་། ཡང་ཁོང་གིས་གཙོ་ཆེ་ཤོས་མ་འོངས་པའི་བཀའ་ཁྲི་དེ་༧་གོང་ས་མཆོག་བཀའ་གསུང་ཅི་སྒྲུབ་བྱེད་མཁན་ཞིག་དང་། རབ་བྱུང་ན་༧གོང་ས་མཆོག་གིས་བཀའ་སློབ་མ་གསུང་སྔོན་དུ་གྲ་སྒྲིག་བྱེད་ཐུབ་མཁན་ཞིག་དགོས་པ་རེད་ཅེས་གསུངས་ཡོད།
གཞོན་ནུའི་ཚོགས་གཞོན་ཟུར་བ་བློ་བཟང་ཡེ་ཤེས་ཀྱིས་དེ་རིང་འདིར་རྒན་པ་ཚོས་བཀའ་ཁྲི་རྒན་པ་དང་གཞོན་པ་ཚོས་གཞོན་པ་དགོས་ཀྱི་འདུག་གསུངས་སྟབས། ངས་མ་འོངས་པའི་བཀའ་ཁྲི་དེ་ཡང་སྤྱི་འཐུས་གྲོས་ཚོགས་ལྟར་ཁག་གཉིས་འབྱུང་རྒྱུ་རེད་དྲན། ཁ་སང་སྐུ་ཚབ་ཚོགས་པ་བོད་ལ་མ་ཕེབས་སྔོན་ལ་རྒྱ་ནག་གིས་༧གོང་ས་མཆོག་གིས་བོད་ཀྱི་ཚབ་བྱེད་མི་ཐུབ་ལ་བཙན་བྱོལ་བོད་གཞུང་གིས་ཀྱང་བོད་མི་མང་གི་ཚབ་བྱེད་མི་ཐུབ་ཅེས་བཤད་ཀྱིན་འདུག དེར་བརྟེན་མ་འོངས་པའི་བཀའ་ཁྲི་གསར་བའི་ངོས་ནས་བཙན་བྱོལ་བོད་གཞུང་འདི་གཞུང་ཚད་ལྡན་ཞིག་དང་མང་གཙོ་ཚད་ལྡན་ཞིག་ཡིན་པ་མཚོན་ཐུབ་དགོས་པ་རེད། འདི་གདམ་ནོར་མ་ཡོང་བ་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་ཡོད།
བོད་རང་དབང་འཐབ་རྩོད་པ་དང་རྩོམ་པ་བོ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་དེ་རིང་བགྲོ་གླེང་འདིར་བཀའ་མོལ་མང་ཆེ་བ་བཀའ་བློན་ཁྲི་པའི་སྐོར་ཆགས་སོང་། ངས་བསམ་ན་སྤྱི་འཐུས་སྐོར་གལ་ཆེན་པོ་རེད་དྲན་གི་ཡོད་རེད། གང་ཞེ་ན། ང་ཚོའི་གྲོས་ཚོགས་ནང་ལས་ཀ་བྱེད་བདེ་བོ་མེད་པའི་དཀའ་ངལ་འཕྲད་ཡོད། ད་ང་ཚོས་འགྱུར་བ་གཏོང་ན་གྲོས་ཚོགས་ནང་གཏོང་དགོས་ཀྱི་འདུག
ལོ་སྔོན་མའི་ཕྱི་ཟླ་དགུ་བའི་གྲོས་ཚོགས་ནང་མི་གཅིག་གི་ལམ་གྲོན་ཐད་ནས་རྙོག་དྲ་ལངས་ཏེ་གྲོས་ཚོགས་འཚོགས་མ་ཐུབ་པའི་དཀའ་ངལ་འཕྲད་ཡོད་པ་རེད། འདི་ལ་རྒྱ་གར་ཙམ་མིན་པར་ཕྱོགས་མཐའ་ཁག་ན་ཡོད་པའི་བོད་མི་རྣམས་ཀྱིས་སེམས་ཁྲལ་བྱེད་ཀྱིན་ཡོད། བོད་མི་ཚོས་འདི་ཆོལ་ཁ་ཆོས་ལུགས་ཀྱི་རྩོད་རྙོག་རེད་དྲན་བསྡད་ཡོད་མོད། དོན་དངོས་ཐོག་དེ་འདྲ་མ་རེད། གྲོས་ཚོགས་ནང་ལ་ཆབ་སྲིད་ཀྱི་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་པ་དེ་ནི་མི་ཚང་གཉིས་ ཀྱི་རྩོད་རྙོག་རེད། འདི་མི་མང་གིས་ཤེས་དགོས་པ་རེད། འདི་དངོས་ཡོད་གནས་ཚུལ་ཡིན་ལ་ང་འདིའི་ཆེད་དུ་གྲོས་ཚོགས་ནང་ལྟ་གི་འགྲོ་མྱོང་། མི་ཚང་གཉིས་ཀྱི་རྙོག་དྲ་དེ་མི་མང་གིས་ཤེས་དགོས་པ་གལ་ཆེན་པོ་རེད། འདི་གྲོས་ཚོགས་ནས་ཐག་གཅོད་ཐུབ་རྒྱུ་ཁག་པོ་རེད། མི་མང་གིས་འདི་ལ་བསམ་བློ་བཏང་ནས་ཐག་གཅོད་དགོས་པ་རེད། སྤྱིར་བཏང་མི་མང་ངོས་ནས་སྤྱི་འཐུས་དང་བཀའ་ཁྲི་ལ་འོས་བླུག་ནས་བ་གླང་བཞིན་རིའི་སྒང་ལ་བཏང་ནས་ལྟ་གི་མེད་པ་འདི་ནོར་འཁྲུལ་རེད། སྤྱི་འཐུས་ཀྱིས་ག་རེ་ལས་གི་འདུག མ་འཇོན་པ་ག་རེ་འདུག་བསམ་བློ་གཏོང་དགོས་པ་དང་ཡོ་བསང་བྱེད་དགོས་པ་རེད། རང་གིས་འོས་བླུག་པ་དེས་ནོར་འཁྲུལ་ག་རེ་བྱེད་ཀྱི་འདུག དེ་བསྒྱུར་བཅོས་ཐད་བོད་གཞུང་ལ་སྐད་ཆ་ག་རེ་ཞུས་ན་ཕན་གི་ཡོད་མེད་ལ་བསམ་བློ་གཏོང་དགོས་ཞེས་གསུངས་ཡོད།