བཀའ་ཤག་གིས་སྤྱི་འཐུས་ལ་མ་བསྟན་པའི་ཡིག་ཆ།

ཁ་སང་སྦེལ་ཀོབ་གཞིས་ཆགས་སུ་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གིས་བཀའ་སློབ་གསུང་བཤད་ཅིག་གནང་སྐབས། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞེས་པ་སྤྱི་འཐུས་གྲོས་ཚོགས་སུ་བསྟན་མེད་ཅེས་གསུངས་འདུག

ཟླ་འདིའི་ཚེ་ ༩ ཉིན་ལྷོ་ཕྱོགས་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་དུ་སྦེལ་ཀོབ་བོད་ཀྱི་གསར་འགོད་པ་དང་གསར་འགོད་ལས་ཟུར་ཐུན་མོང་གི་གོ་སྒྲིག་འོག བོད་རྒྱའི་འབྲེལ་མོལ་དང་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་ཞེས་པའི་བརྗོད་གཞིའི་ཐོག་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གིས་བཀའ་སློབ་གསུང་བཤད་ཅིག་གནང་བར། སེར་སྐྱ་མང་ཚོགས་ ༡༠༠ ལྷག་འདུ་འཛོམས་བྱུང་ཡོད་འདུག

ཐེངས་འདིའི་གོ་སྒྲིག་པ་ཐུན་མོང་གི་གཏམ་བཤད་ནང་། བོད་ཀྱི་འདས་པའི་ལོ་རྒྱུས་དང་ད་ལྟའི་བོད་མི་མང་གི་གནས་སྟངས་གཉིས་གཞི་ལ་བཞག་པའི་ཐོག ད་ལྟ་བོད་མི་མང་ཚོགས་ལ་མང་ཚོགས་ཀྱི་རང་ཚུགས་དང་། མང་ཚོགས་ཀྱི་འགན་ཁུར། མང་ཚོགས་ཀྱི་དམིགས་འདུན་ལངས་ཕྱོགས་ཡོད་དགོས་པ་ནི་བོད་ཀྱི་ད་ལྟ་དང་མ་འོངས་རྩ་དོན་རྩོད་ལེན་གྱི་མཐའ་མའི་ཐག་གཅོད་བྱེད་པར་མེད་དུ་མི་རུང་བ་ཞིག་ཡིན་པར་བརྟེན། བཀའ་སློབ་གསུང་བཤད་འདི་གོ་སྒྲིག་གནང་བ་ཞིག་ཡིན་སྐོར་གསལ་ཡོད།

ཉིན་དེར་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གིས། ང་ཚོའི་སྲིད་ཇུས་དེ་ཆོས་སྲིད་ཟུང་འབྲེལ་དང་ཆོལ་ཁ་གསུམ་ཐོབ་ཐང་འདྲ་མཉམ་རེད། དེའི་ངོ་བོ་མཚོན་བྱེད་དེ་ཆོས་ལུགས་སོ་སོའི་སྤྱི་འཐུས་གཉིས་རེ་དང་ཆོལ་ཁ་རེ་རེའི་མི་བཅུ་རེ་སྤྱི་འཐུས་སུ་བསྐོ་བཞག་བྱས་ཡོད། དེ་བཞིན་༧གོང་ས་མཆོག་གིས་དྲུག་ཅུ་ཐམ་པའི་ལོ་ནས་བཟུང་མང་གཙོ་ཡང་དག་པ་ལ་འགྱུར་བ་བཏང་ནས་ད་ལྟ་རིམ་བཞིན་ཡར་འགྲོ་བཞིན་པ་རེད། དེ་གསུམ་པོ་དེ་ང་ཚོའི་རྩ་དོན་གསུམ་ཡིན་ནའང་ད་ལྟ་དེ་ལ་གནས་བསྡད་ཡོད་དམ་ཟེར་ན། ངས་འདིར་གཞུང་གི་དེབ་དམར་པོ་ ༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ། ༽ དེ་ཁུར་ཡོད། ང་ཚོས་སྐབས་སུ་བབ་པའི་བསམ་བློ་དེ། སྐབས་དང་དུས་སུ་ལས་ཀ་ག་རེ་གནང་གི་ཡོད་མེད་དེ་ལ་ལྟ་དགོས། ང་ཚོ་འདྲ་བའི་མི་རྒས་འཁོགས་ཚོས་བལྟས་མ་བལྟས་ཁྱད་ཞེ་དྲག་མེད་ནའང་། བལྟས་ཤོར་གྱིན་འདུག སྐུ་ཚབ་ཚོགས་པ་ཐེངས་བརྒྱད་པ་རྒྱ་ནག་ལ་ཕེབས་པའི་སྐབས་སུ། གཞུང་རང་གིས་འདི་སྤྲོད་ཤོག་ཟེར་ནས་སྐུ་ཚབ་ཚོགས་པ་ལ་བཀའ་བཏང་ནས་ཁོང་ཚོས་སྤྲད་བཞག་པའི་དགོས་འདུན་འདི་རེད། འདིའི་ནང་དུ་གཞི་རྩའི་དོན་ཚན་བདུན་ལ།  དོན་ཚན་གཅིག་ལ་འགྲེལ་བཤད་བཅུ་གཅིག་བྱས་པ་དེ་མར་སྤྲད་པ་རེད། དེའི་ནང་ལ་དམངས་གཙོ་དང་ཆོལ་ཁ་གསུམ། ཆོས་སྲིད་ཟུང་འབྲེལ་སོགས་ཡོད་པ་མ་རེད།  དེ་རྒྱ་མི་གུང་ཁྲན་གྱིས་ཁས་བླངས་ན་དེ་གང་ཡང་མེད་པ་གཅིག་རེད།  བྱས་དུས་དོན་ལ་འབབ་དགོས་ན་དེ་རིང་སང་ཉིན་དུས་སྐབས་དེ་ལ་འབབ་དགོསཔ་རེད།

རྒྱ་བོད་མི་རིགས་ཀྱིས་འཐབ་རྩོད་བྱེད་དགོས་པའི་རྒྱུ་མཚན། གཞིས་བྱེས་བོད་མི་ཁ་བྲལ་ནས་བསྡད་ཡོད་པ་དང་༸གོང་ས་མཆོག་གིས་ཉིན་མཚན་དུས་དྲུག་ཏུ་འཛམ་གླིང་ལ་སྐུ་ལས་སྐྱོན་ནས་ཕྱག་ལས་གནང་བསྡད་པ་བཅས་ཀྱི་རྐྱེན་རེད།  དཔེར་ན།  ༸གོང་ས་མཆོག་སྐུ་བཞུགས་པའི་རིང་ང་ཚོ་ཕྱི་རྒྱལ་ལ་ཡོད་པའི་མི་ཚོ་ལ་དཀའ་ངལ་གང་ཡང་ཡོང་གི་མ་རེད།  ག་རེ་བྱས་ནས་བསྡད་ནའང་སེམས་ཁྲལ་སྤུ་ཙམ་ཞིག་མེད།  ཁོང་གི་བཀའ་དྲིན་གྱིས་ཁྱབ་པ་དང་འཚོ་ཐུབ་ཀྱི་རེད།  ཡིན་ནའང་གདུལ་བྱའི་དོན་དག་ལ་ག་བར་སླེབས་ཀྱི་འདུག  དེ་རྣམ་པ་ཚོས་དགོངས་པ་བཞེས་ཐུབ་ན་དགོངས་པ་བཞེས་དགོས་ཀྱི་རེད།  མི་གཅིག་དང་གཉིས་ཀྱི་དོན་དག་མ་རེད།  མི་གཅིག་གཉིས་ཤིག་དགའ་དང་སྡུག་གི་གནད་དོན་མ་རེད་ཅེས་གསུངས།

ཡང་ཁོང་གིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེ་བཀའ་ཤག་དང་བོད་རྒྱ་ཞི་མོལ་ཚོགས་ཆུང་གི་སུ་སུ་ཡོད་ན་དེས་གནང་བ་མ་གཏོགས། སྤྱི་འཐུས་གྲོས་ཚོགས་ཀྱིས་ཇུས་གཏོགས་གནང་ཡོད་པ་མ་རེད།  ༧གོང་ས་མཆོག་གིས་ང་ཕྱེད་བགྲེས་ཡོལ་ཡིན།  བོད་མི་མང་གིས་བདམས་བཞག་པའི་བཀའ་ཤག་དེའི་འགན་བོད་མི་མང་གིས་ཁུར་དགོས་ཀྱི་རེད་གསུངས་བསྡད་ཀྱི་ཡོད་པས། དེ་ངས་སྐུ་མདུན་གྱི་དགོངས་གཞི་ཡང་ཨེ་ཡིན་ནམ་བསམ་གྱི་ཡོད། དེ་ངས་ངོ་སྤྲོད་བྱེད་ཡག་གི་གནད་འགག་ཅིག་ལ་ཐུག་སོང་།  གྲོས་ཚོགས་ཀྱི་མདུན་ལ་གཞུང་འབྲེལ་བྱས་ནས་གྲོས་ཚོགས་ལ་ཡོང་དགོས་ཀྱི་རེད་མ་གཏོགས།  སྤྱི་འཐུས་གཅིག་གིས་མ་གིར་ལག་པ་བརྙབ་ནས་ཇུས་གཏོགས་བྱེད་རྒྱུ་དེ་འདྲ་མ་རེད།  དེར་བརྟེན་བཀའ་ཤག་གིས་སྤྱི་འཐུས་གྲོས་ཚོགས་ལ་འདི་འགྲིག་གི་ཡོད་མེད་དྲིས་མེད། དེར་བརྟེན་འདི་སྤྱི་འཐུས་གྲོས་ཚོགས་ཀྱིས་ཁས་ལེན་བྱས་ཡོད་མ་རེད་ཟེར་གྱི་ཡོད།  དེ་མཁྱེན་དགོས་ཞེས་གསུངས་ཡོད།  ཡང་ཁོང་གིས་མུ་མཐུད་དེ། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་དུས་ང་ཚོས་གཅིག་གྱུར་ཡོང་བའི་གྲ་སྒྲིག་བྱེད་དགོས་ཀྱི་ཡོད།  གཅིག་གྱུར་བྱུང་ན་ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་རང་སྲིད་རང་སྐྱོང་ཞིག་ཡོང་དགོས་ཀྱི་ཡོད་པ་༧གོང་ས་མཆོག་གི་བཀའ་རེད།    དེ་ཡིན་མིན་ཟེར་ས་རྩ་ནས་མེད།  ང་བཀའ་བསྡུར་གནང་སའི་དཀྱིལ་ལ་བསྡད་བསྡད་པ་རེད་ལ།   དེའི་གྲོས་སྣེ་ལ་ང་ཡོད།  སུ་གཅིག་གི་སྐད་ཆ་ཁུར་ཡོང་བ་དེ་འདྲ་མིན།  དེ་འདྲ་ཡིན་དུས་ང་མ་ཤི་བར་དུ་དེ་ཁས་ལེན་རྒྱུ་མ་གཏོགས་ཕྱིར་འཐེན་བྱེད་རྒྱུ་གང་ཡང་མེད།

ཕྱི་ལོ་ ༡༩༧༩ ལོར་ང་ཚོ་གཟིགས་སྐོར་སྐུ་ཚབ་དང་པོ་བཏང་གནང་པའི་སྐབས་སུ། ༧གོང་ས་མཆོག་གིས་བཀའ་མངགས་དོན་ཚན་བཞི་གནང་བའི་ནང་མི་རིགས་ཀྱི་འཐབ་རྩོད་མིན་གསུངས་ཡོད། དེ་ཁོང་གི་བཀའ་ངོ་མ་ཡིན། མི་རིགས་འཐབ་རྩོད་ཟེར་ན་བྱ་རྒྱུ་གང་ཡང་ཡོད་པ་མ་རེད། བོད་ཆོལ་ཁ་གསུམ་གྱི་ནང་ལ་དེང་སང་རྒྱ་དམར་གུང་ཁྲན་གྱིས་མི་རིགས་ལྔ་བཅུ་ང་དྲུག་ལ་དབྱེ་ནས། ཧན་མི་རིགས་ཕར་ཕུད་ན་མི་རིགས་ལྔ་བཅུ་ང་ལྔར་དབྱེ་བསྡད་པ་དེར་ང་ཚོ་བོད་པས་ངོས་ལེན་བྱེད་བསྡད་ཀྱི་ཡོད། མི་རིགས་ལྔ་བཅུ་ང་དྲུག་ངོས་ལེན་བྱས་ན་བོད་ཆོལ་ཁ་གསུམ་གྱི་བོད་མི་ཡིན་པ་དེའི་ནང་ལ་མི་རིགས་བཅུ་བཅོ་ལྔ་ཞིག་ཡོད། དེ་དག་ཤར་པ་དང་རྟ་མང་རིགས། མོན་པའི་རིགས། མདོ་སྨད་ནང་ལ་སོག་པོའི་རིགས། ཡུ་གུར་རིགས། ཟ་ལར་རིགས། ཧ་ཤ་རིགས། རྒྱ་རིགས། ཧུ་རིགས། ཆང་རིགས། ལྟོམ་པ་རིགས། འཇང་རིགས། དེ་རྣམས་ཐམས་ཅད་ཁ་ཁར་དབྱེ་དགོས། དེ་ཚང་མ་བོད་མི་རེད་མ་གཏོགས་ཕུད་རྒྱུ་རྩ་བ་ནས་མེད་ཅེས་དང་།

གཞན་ཁོང་གིས་སྐུ་ཚབ་ཚོའི་འབྲེལ་མོལ་སྐོར་ལ་མི་མང་གི་དྲི་བར་ལན་འདེབས་གནང་དོན། རྒྱ་ཕྱོགས་ནས་འབྲེལ་མོལ་བསྐྱར་མཐུད་བྱེད་དོན་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཏཱ་ལའི་བླ་མ་དང་འབྲེལ་མོལ་བྱེད་དགོས་ཀྱི་འདུག་ཅེས་པའི་ངོ་སྲུང་རྒྱུའི་ཆེད་དུ་རེད།  ང་ཚོས་ཀྱང་ཞི་མོལ་ཡོང་གི་ཡོད་མདོག་མདོག་བྱས་ནས་ཅིག་འགྲོ་བསྡད་དུས།   ང་ཚོ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ནང་ཏོག་ཙམ་ཞིག་འགྲོ་ཐུབ་ཀྱི་ཡོད་པའི་རྣམ་པ་འདྲ་བོ་ཐོན་རྒྱུ་རེད་མ་གཏོགས།  དོན་དངོས་ལ་གང་ཡང་ཕན་གྱི་མ་རེད་ཅེས་གསུངས་ཡོད། 

མཇུག་མཐར་བོད་མི་མང་ལ་དགོས་འདུན་ཡོད་དགོས་པའི་སྐོར་གསུངས་དོན། བོད་རང་བཙན་བཤད་མཁན་ཡོད་པ་རེད།  དེ་ངས་བཤད་མི་ཆོག་པ་གང་ཡང་ངོས་འཛིན་བྱེད་ཀྱི་མེད།  ཡིན་ནའང་། བོད་མི་མང་ལ་དགོས་འདུན་ཡོད་དགོས་ཀྱི་རེད་མ་གཏོགས།  བོད་མི་མང་ལ་དགོས་འདུན་རྩ་བ་ནས་མེད་ན་༧གོང་ས་མཆོག་ལོག་སྤྱོད་པ་རེད་ཅེས་རྒྱ་མི་གུང་ཁྲན་གྱིས་ཟེར་བསྡད་ཀྱི་ཡོད།  ད་ལྟ་ང་ཚོས་༧གོང་ས་མཆོག་གིས་བཀའ་གང་གནང་པ་དེ་ཡིན་ཟེར་ནས་འགྲོ་བསྡད་ཀྱི་ཡོད་ནའང་། དེ་རྩ་བ་ནས་འགྲིག་གི་ཡོད་པ་མ་རེད། བཙན་བྱོལ་བོད་མི་ཚང་མ་རྙོག་དྲ་མ་ཤོད། ཕར་ལོག་འགྲོ་གསུངས་ན་བོད་མི་མང་ནང་ལོག་འོངས་ས་རེད་བསམ་བསྡད་ཡག་ཅིག་བོད་མི་མང་གིས་བཟོ་བསྡད་ཀྱི་འདུག  དེ་ཡག་པོ་མ་རེད། དོན་ངོ་མར་མི་བྱེད་དགུ་བྱེད་ཏཱ་ལའི་བླ་མ་རེད་འདུག་ཅེས་རྒྱ་མིས་ཟེར་བསྡད་ཀྱི་ཡོད།  བོད་མི་མང་ལ་དགོས་འདུན་སྣེ་གཅིག་མི་འདུག  ༧གོང་ས་མཆོག་གིས་བཀའ་གང་གནང་ན་དེ་ཡིན་ཟེར་གྱི་འདུག  ཏཱ་ལའི་བླ་མས་འཛམ་བུ་གླིང་ལ་ཁ་བྲལ་རིང་ལུགས་ཀྱི་བྱ་བ་སྤེལ།  རྒྱལ་སྤྱིར་གནས་ཚུལ་བཤད་ནས་འགྲོ་བསྡད་ཀྱི་འདུག་མ་གཏོགས།  ཚུར་ཡོང་གི་མི་འདུག  ཏཱ་ལའི་བླ་མའི་མ་འགྲིག་མ་འཐུས་ཟེར་ནས་བཤད་བསྡད་པ་དེ། གཙོ་བོ་གཅིག་བོད་མི་མང་གིས་བཟོ་གི་འདུག་བསམ་གྱི་འདུག་ཅེས་གསུངས་ཡོད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

97 thoughts on “བཀའ་ཤག་གིས་སྤྱི་འཐུས་ལ་མ་བསྟན་པའི་ཡིག་ཆ།

  1. བོད་རྒྱལ་ལོ།

    སྲིད་དོན་ལ་མཁས་པ་ཟམ་གདོང་བླ་མ་ལྟར་མིན་པ།
    གང་ཡིན་པ་དེ་ག་རང་བོད་རྒྱལ་ཁབ་ཀྱི་དོན་དུ་རང་གསུངས་འདུག་པ་ཐུགས་རྗེ་བླ་མེད་ཆེ།