སྨན་རིའི་དགེ་བཤེས་མཛད་སྒོ་ཐེངས་བཅོ་ལྔ་པ།

ཧི་མ་ཅལ་མངའ་ཁོངས་སུ་ཡོད་པའི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགེ་བཤེས་མཛད་སྒོ་ཐེངས་བཅོ་ལྔ་པ་དབུ་འཛུགས་བྱས་ཡོད་འདུག

སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། བོད་ལྕགས་སྟག་ལོའི་བོད་ཟླ་དང་པོའི་ཚེས་ ༣ ཉིན་གྱི་ཞོགས་པ་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཀྱིས་གཡུང་དྲུང་བསྟན་པའི་བཀའ་སྲུང་རྣམས་ཀྱི་དབུ་འཕང་དགུང་ལ་བསྟོད་ཅིང་དཀར་ཕྱོགས་སྐྱོང་བའི་མགྲོན་བཞིའི་སྡེ་ཚོགས་རྣམས་ལ་བསང་གསོལ་རྒྱས་འབུལ་གནང་རྗེས་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་ཆེན་མོར་དགེ་བཤེས་མཛད་སྒོ་དངོས་སུ་དབུ་འཛུགས་ཀྱིས་དགེ་འདུན་འདུས་མང་གི་ཚོགས་དབུས་སུ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེས་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་བཤད་དང་།  བཀའ་རབ་འབྱམས་པ་གཉིས་ནས་སྔོན་འགྲོའི་བཤད་པ་གྱེར་རྒྱུགས། གུང་ཡོལ་བཤད་པ་མཇུག་བསྡུ་དང་། བཀྲ་ཤིས་གསོལ་བ་བཅས་ཀྱི་མཛད་རིམ་བསྐྱངས། དེ་རྗེས་མུ་མཐུད་བཀའ་རམས་པ་དགུ་དང་། ཁྱོན་འདི་ལོ་བཀའ་རམས་པ་བཅུ་གཅིག་ནས་ཉིན་རིམ་བཞིན་སྔོན་འགྲོའི་བཤད་པ་དང། དངོས་གཞིའི་དམ་བཅའ་ཆེན་མོ། མཐར་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་གནང་མཛད་རྒྱུ་ཡིན་པ་རེད། དགེ་བཤེས་མཛད་སྒོ་ཆ་ཚང་རིང་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དབུ་བཞུགས་གནང་རྒྱུ་ཡིན་པ་དང་། བཀའ་རམས་པ་རྣམས་ཀྱིས་དགེ་འདུན་འདུས་ཚོགས་ལ་བསྙེན་བཀུར་དང་གཏོང་སྒོ་སོགས་ རྒྱས་འབུལ་གནང་བཞིན་ཡོད་པ་རེད།

༡༩༥༩ ལོར་བོད་གངས་ཅན་ཞིང་གི་སྣོད་བཅུད་ཡོངས་རྫོགས་ལ་ཉམས་གུད་བཏང་རྗེས་༸སྐྱབས་ རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དང། ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་ཀྱིས་རྒྱལ་གཤེན་ བསྟན་པའི་མེ་རོ་ཕྱི་ཕྱོགས་ནས་གསོས་ཏེ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་རྟེན་ དང་བརྟེན་པ་གསར་བཞེངས་དང། སྔར་སྲོལ་བོན་གྱི་མདོ་སྔགས་སེམས་གསུམ་དང། ཐུན་མོང་རིག་གནས་བཅས་པར་གསན་བསམ་སློབ་གཉེར་གྱི་ལམ་སྲོལ་བསྐྱར་གསོ་གནང་རྗེས་ ༡༩༨༦ ལོ་ནས་བཟུང་སྡེ་ལོ་གཉིས་རེའི་མཚམས་བསླབ་པ་མཐར་སོན་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཛད་སྒོ་བསྐྱངས་གནང་གིས་ད་བར་རབ་འབྱམས་དགེ་བའི་བཤེས་གཉེན་བརྒྱ་ཕྲག་གཅིག་ལ་ཉེ་བ་ཐོན་ཟིན་ཏེ་བོད་ཕྱི་ནང་གང་སར་རྒྱལ་བསྟན་ལ་ཞབས་འདེགས་ཞུ་བཞིན་པ་རྣམས་ཀྱི་འབྲས་རྟགས་ཕྱག་འཁྱེར་ཐོག་༸གོང་ས་མཆོག་གི་སྐུ་ཚབ་རང་གཞུང་ཆོས་རིག་བཀའ་བློན་ནས་ཀྱང་རྒྱབ་གཉེར་ཕྱག་རྟགས་བསྐྱོན་བཞིན་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

4 thoughts on “སྨན་རིའི་དགེ་བཤེས་མཛད་སྒོ་ཐེངས་བཅོ་ལྔ་པ།

  1. ཀརྨ་རྡོ་རྗེ།

    བོན་གྱི་ཐེག་པ་རིམ་དགུ

    བོན་གྱི་ཐེག་པ་རིམ་དགུ་ཞེས། །
    ཕྱྭ་གཤེན་སྣང་གཤེན་འཕྲུལ་གཤེན་དང་། །
    སྲིད་གཤེན་རྒྱུ་ཡི་ཐེག་པ་བཞི། །
    དགེ་བསྙེན་དྲང་སྲོང་ཨ་དཀར་དང་། །
    ཡེ་གཤེན་འབྲས་བུའི་ཐེག་པ་བཞི། །
    ཁྱད་ཆེན་ཐེག་པ་གཅིག་སྟེ་དགུ །

    བོད་མིའི་བོད་བསྟན་རྟག་བརྟན་ཤོག །

  2. རྨོག་རུ་བསྟན་པ།

    བསྟན་འཛིན་དམ་པ་རྣམས་ཀྱི་མཛད་འཕྲིན་རྒྱས་ཤིང་། ཆོས་ལུགས་ཀུན་གྱི་དམ་ཚིག་འོ་ཆུ་བཞིན་འདྲེས་ཏེ་བོད་གངས་ཅན་གྱི་ལྗོངས་སུ་བདེ་སྐྱིད་ཀྱི་ཉི་གཞོན་རབ་ཏུ་གསལ་བའི་སྨོན་འདུན་ཞུ།

  3. ཀརྨ་རྡོ་རྗེ།

    བོན་ཆོས་བན་ཆོས་བོད་ཆོས་གཉིས།

    སྔ་རབས་བོན་དེ་བོད་ཀྱི་གནའ་རབས་ཤེས་ལ་ཤིན་ཏུ་མཁོ། །
    གཤེན་བོན་བརྡོལ་བོན་འཁྱར་བོན་བསྒྱུར་བོན་བོན་དཀར་ནག་དར་བ། །
    ལྷ་མཆོད་འདྲེ་བརྡུང་གདོན་སྲི་གནོན་ནས་གཤིན་གསོན་རྐྱེན་སེལ་སོགས། །
    སྒྲུབ་ལ་ལུང་རྟོགས་བོན་བསྟན་བན་བསྟན་བཞིན་དུ་ཡུན་གནས་ཤོག །