བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་མེ་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་ཉིན་གསུམ་གྱི་ཆིབས་བསྒྱུར་གནང་ཆེད་ཟླ་ ༢ ཚེས་ ༡༧ ཉིན་རྒྱབ་ཞབས་སོར་འཁོད་པ་དང་། གནམ་ཐང་དུ་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་དང་། དོན་གཅོད་བློ་བཟང་སྙན་གྲགས་ལགས། ཨ་རི་གཞུང་གི་སྣེ་ལེན་སྡེ་ཚན་གྱི་ལས་བྱེད་དང་། རྒྱ་གར་གཞུང་ཚབ་ཁང་གི་སྐུ་ཚབ་བཅས་ནས་ཕེབས་བསུ་ཞུས་གནང་།
མགྲོན་ཁང་མདུན་དུ་ས་གནས་བོད་མི་དང་བོད་མིའི་གྲོགས་པོ། དེ་བཞིན་གསར་འགོད་པ་མང་པོས་ཕེབས་བསུ་ཞུས་པ་དང་། ས་གནས་བོད་པའི་སློབ་ཕྲུག་ཁག་གཅིག་ནས་དགའ་བསུའི་གཞས་སྣ་གཟིགས་འབུལ་གནང་།
ཕྱི་ཚེས་ ༡༨ ཉིན་གྱི་ཞོགས་པར་སྲིད་འཛིན་ཨོ་བྷ་མར་མཇལ་གནང་རྒྱུ་དང་། ཉིན་རྒྱབ་ཕྱི་འབྲེལ་བློན་ཆེན་ཧ་ལ་རི་ཁི་ལིན་ཊོན་ལ་མཇལ་རྒྱུ། དེ་བཞིན་ཨ་རི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་དང་རྒྱ་གར་གཞུང་ ཚབ་ནས་༧གོང་ས་མཆོག་མཇལ་བར་ཕེབས་རྒྱུ་རེད་།
༼གནས་ཚུལ་གྱི་ཁུངས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ པར་པ། རྫོགས་སངས་བསོད་ནམས་ཡིན།༽