དེ་རིང་ཉིན་རྒྱབ་ཆུ་ཚོད་གཉིས་དང་ཕྱེད་ཀའི་སྟེང་། ངྷ་ས་ཡོངས་གླིང་སློབ་གྲྭའི་ཚོགས་ཁང་དུ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་འོག བོད་ནང་གི་རྩོམ་པ་པོ་ཁག་ཅིག་གིས་བོད་དོན་སྐོར་ལ་བྲིས་པའི་རྩོམ་ཡིག་ཕྱོགས་སྒྲིག ༼ བཙན་པོའི་སྙིང་སྟོབས ༽ ཞེས་པའི་པེ་དེབ་བསྐྱར་དཔར་ཞིག་དང་། བོད་ནང་བྲིས་པའི་རྩོམ་ཡིག་དབྱིན་ཡིག་ནང་བསྒྱུར་ཡོད་པའི་དཔེ་དེབ་ཅིག་བཅས་དབུ་འབྱེད་འགྲེམས་སྤེལ་བྱས་ཡོད་ལ། མཛད་སྒོའི་སྐུ་མགྲོན་གཙོ་བོ་ནོར་གླིང་རིག་གཞུང་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཨ་འཇམ་དབྱངས་ཚུལ་ཁྲིམས་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འབྲེལ་མཐུད་འགན་འཛིན་ཁཱེ་ཊི་སན་ཌར་ kate Sounder ལགས་རྣམ་གཉིས་ཆེད་ཕེབས་ཀྱིས་དཔེ་དེབ་གཉིས་ཀྱི་ནང་དོན་དང་འབྲེལ་ཏེ། བོད་ནང་གི་རྩོམ་རིག་ཁ་ཕྱོགས་འགྱུར་མཚམས་དང་རྩོམ་པ་པོའི་ཆབ་སྲིད་བསམ་བློའི་གནས་བབ་བཅས་ཀྱི་ཐད་གསུངས་བཤད་གནང་ཡོད།
༼ བཙན་པོའི་སྙིང་སྟོབས ༽ ཞེས་པའི་དཔེ་དེབ་འདི་ནི་ད་ཆར་བོད་ནང་དངོས་སུ་བཞུགས་ཡོད་པའི་ན་གཞོན་རྩོམ་པ་པོ་སྐྱ་སེར་ཁག་ཅིག་གིས་དངོས་མིང་དང་སྨྱུག་མིང་གང་རུང་འོག བོད་ནང་གི་ད་ལྟའི་དངོས་ཡོད་གནས་སྟངས་བརྗོད་བྱར་བཟུང་སྟེ། བཙན་འཛུལ་དང་གཉའ་གནོན། བརྙས་བཅོས་དང་བཞུ་གཞོག་འོག་གི་བོད་མི་རིགས་ཀྱི་འདས་མ་ད་གསུམ་གྱི་སྐྱོ་གར། འགྲོ་བ་མིའི་རིགས་ལ་ཐོབ་ཐང་གང་ཡོད་དང་མི་རིགས་ལ་ཁེ་དབང་ཅི་དགོས། དཀའ་སྡུག་དང་མནར་གཅོད་འོག་གི་ཟིན་ཐོ། བོད་དོན་འཐབ་རྩོད་བྱེད་ཕྱོགས་ཀྱི་བསམ་འཆར་སོགས་ཁ་གསལ་བོར་བྲིས་ཡོད་པའི་འབོལ་རྩོམ་མམ་དཔྱད་རྩོམ་ཕྱོགས་སྒྲིག་གི་དེབ་ཆུང་ཞིག་ཡིན་ཞིང་། དེབ་ཆུང་འདིར་རྩོམ་ཡིག་ཁག་བརྒྱད་དང་། མི་ཚེ་ཐོབ་ཐང་སྐོར་གྱི་བཅའ་ཁྲིམས་དང་བཀའ་གསུང་ཟུར་བཀོད་གཅིག རྩོམ་སྒྲིག་པའི་མཇུག་གི་གཏམ་བཅས་ཁྱོན་བསྡོམས་ཤོག་ངོས་ ༩༤ ཙམ་འདུག
དེབ་ཆུང་འདི་སྔར་ ༢༠༠༨ ལོའི་ལོ་མཇུག་ཏུ་བོད་ནང་ནས་ཐེངས་གཅིག་དཔར་སྐྲུན་འགྲེམས་སྤེལ་བྱས་ཡོད་ན་ཡང་། ཆབ་སྲིད་ཀྱི་བཀག་རྒྱའི་འོག་ནས་དེ་ཙམ་ཁྱབ་བརྡལ་དུ་འགྲོ་ཐུབ་མེད་སྟབས། རྩོམ་སྒྲིག་པ་དང་རྩོམ་པ་པོ་དག་གི་དམིགས་ཡུལ་ཅི་བཞིན་འགྲུབ་ཐུབ་མེད་པ་དང་། ལྷག་པར་དུ་བོད་ཕྱི་ལོགས་ནས་ལྟ་ཀློག་གི་གོ་སྐབས་རག་མེད་སྟབས། དཔེ་དེབ་འདིའི་རྩོམ་སྒྲིག་པ་འགར་རྩེ་འཇིགས་མེད་ལགས་ཀྱི་རེ་འདུན་ལྟར། ཐེངས་འདིར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བསྐྱར་དཔར་འགྲེམས་སྤེལ་བྱས་པ་ཞིག་ཡིན་ཞིང་། དཔེ་དེབ་འདིའི་མཇུག་ཏུ་རྩོམ་སྒྲིག་པ་འགར་རྩེ་འཇིགས་མེད་ལགས་ཀྱིས་འགན་ལེན་ཁག་འཁུར་གྱི་ཚུལ་དུ། ཁོང་སྒེར་གྱི་སྐུ་པར་དང་ལོ་རྒྱུས་ཆ་ཚང་བཅས་བཀོད་འདུག
དཔེ་དེབ་འདིའི་ནང་གི་རྩོམ་པ་པོ་དང་བརྩམས་ཆོས་ཁག་ནི། ཨ་མའི་བུ་རྒོད་ཀྱིས་བྲིས་པའི་༼ འཇིགས་སྐྲག་ཁྲོད་ཀྱི་ཉིན་ཐོ ༽ དང་། འགར་གསེར་ཏོག་གིས་བྲིས་པའི་༼ ཚེ་སྲོག་གིས་བཞེངས་པའི་ཟིན་ཐོ ༽ བྱ་མདོ་རིན་ཆེན་བཟང་པོས་བྲིས་པའི་༼ མི་རིགས་ཀྱི་བདེན་སྟོབས ༽ འགར་རྩེ་འཇམ་སྦྱིན་གྱིས་བྲིས་པའི་༼ དོན་ངོ་མར་ངོ་ཚ་བརྒྱད་འཁུར་མཁན་སུ་རེད ༽ སྒྱིས་ཚང་སྟག་སྨུག་གིས་བྲིས་པའི་༼ མི་ཚེ་ཐོབ་ཐང་རྩོད་ལེན་གྱི་ཁྲོམ་སྐོར་བྱེད་སྟངས་གླེང་བ ༽ སྟག་དམར་ཡག་གིས་བྲིས་པའི་༼ ཆབ་སྲིད་བཙོན་མ་འགའི་སྐད་ཆ་ཟིན་བྲིས་སུ་བཏབ་པ ༽ འགར་རྩེ་འཇིགས་མེད་ཀྱིས་བྲིས་པའི་༼ ངའི་མི་ཚེ་དང་ངའི་སེམས་ཀྱི་ན་ཟུག ༽ འགར་མེ་ཆས་བྲིས་པའི་༼ ཚེ་སྲོག་ལ་གྱེར་བའི་ང་རོ ༽ བཅས་རེད།
དཔེ་དེབ་འདིའི་སྔོན་གླེང་གི་ཚུལ་དུ་རྩོམ་སྒྲིག་པ་འགར་རྩེ་འཇིགས་མེད་ལགས་ཀྱིས་གསུངས་དོན། ངས་བོད་རིགས་མི་དམངས་ཀྱི་བརྒྱ་ཆའི་གོ་དགུའི་སེམས་ཀྱི་ན་ཟུག་ངོ་མ་དེ་མཚོན་པའི་རྩོམ་ཡིག་འགའ་བསྡུ་བསྒྲིགས་བྱས་པ་ཡིན། ངས་མ་དངུལ་རང་ཉིད་ཀྱིས་བཏང་སྟེ་ན་ཟུག་དེ་མཚོན་པའི་རྩོམ་ཡིག་འགའ་དཔར་སྐྲུན་བྱས་པ་ཡིན། ངས་གནས་ལུགས་མི་མཐོང་ཞིང་ཁྲིམས་ལུགས་མི་བརྩི་བའི་མུན་ནག་གི་ཁོར་ཡུག་གིས་རང་ཉིད་ལ་བཙོན་འཇུག་དང་། ཡང་ན་གཅར་རྡུང་གི་མནར་གཅོད་གཏོང་བ་དང་། མཐའ་ན་ཚེ་སྲོག་གི་ཉེན་ཁ་ཡོད་པར་ཡང་བསམ་བློ་མ་བཏང་བར་བྱ་བ་འདི་འདི་ལྟར་བསྒྲུབས་དགོས་དོན། ཞེ་འཁོན་དང་འཁྲུག་རྩོད་མེད་པའི་ཞི་བདེ་ངོ་མ་ཞིག་ལ་རེ་སྨོན་བྱས་ཡོད་པས་ཡིན། དམར་འཛིང་གི་འཐབ་འཁྲུག་མེད་པར་འཆམ་མཐུན་ངོ་མ་ཞིག་ལ་རེ་སྨོན་བྱས་ཡོད་པས་ཡིན། དཔེ་དེབ་འདི་དཔར་སྐྲུན་སྐབས་ང་ལ་ན་ཟུག་གང་མང་ཞིག་དང་། མིག་ཆུ་གང་མང་ཞིག་གིས་སེམས་ཁམས་ཡོངས་སུ་བརླན་མྱོང་། ཞེས་བཀོད་འདུག