དེ་རིང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་བོད་རྒྱ་འབྲེལ་མོལ་སྐོར་ལ་དྲི་བ་དྲིས་ལན་ཁག་ཅིག་དང་། ༧གོང་ས་མཆོག་གིས་གྲོས་ཚོགས་སུ་བསྩལ་བའི་གསུང་འཕྲིན་ཐོག་བགྲོ་གླིང་གནང་མཐར། རྒྱ་གཞུང་ལ་སྤྲད་པའི་ཡིག་ཆ་དེ་སྔར་གྲོས་ཚོགས་སུ་བསྟན་ཡོད་མེད་དང་༧གོང་ས་མཆོག་གི་དགོངས་གཞི་ཡིན་མིན་གསལ་བོ་ཡོང་སླད། ཕྱི་ཚེས་ ༡༨ ཉིན་དམིགས་བསལ་སྐུ་ཚབ་རྣམ་གཉིས་དང་བཀའ་ཟུར་ཁག་ཅིག་གྲོས་ཚོགས་སུ་གདན་ཞུ་བྱས་ཏེ། བཀའ་ཤག་ལྷན་རྒྱས་དང་སྤྱི་འཐུས་ལྷན་བཞུགས་ཐོག་ཉན་ཞིབ་བྱ་རྒྱུའི་ཐག་གཅོད་བྱུང་སོང་།
སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་བའི་ཉིན་གསུམ་པ་སྟེ། དེ་རིང་སྔ་དྲོའི་ལས་རིམ་གྱི་ཐོག་མར་བོད་རྒྱ་འབྲེལ་མོལ་སྐོར་གྱི་དྲི་བ་དྲིས་ལན་བཞག་ཡོད་པ་ལྟར། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་བཀའ་བློན་ཁྲི་པ་མཆོག་ལ། བོད་རྒྱ་འབྲེལ་མོལ་སྐོར་ལ་བདྲི་བ་གསུམ་བཏོན་སོང་། དྲི་བ་དེ་དག་ནི། དང་པོ། བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་དེ་ཉིད་གྲོས་གཞི་གཅིག་དང་བརྒྱུད་ལམ་གཅིག་ཅེས་པ་དེའི་ཁོངས་སུ་གཏོགས་ཀྱིན་ཡོད་དམ། གཉིས་པ། འབྲེལ་མོལ་ཐེངས་དགུ་བའི་ནང་དོན་དངོས་རྒྱ་གཞུང་ནས་༧གོང་ས་མཆོག་གིས་བོད་རང་བཙན་རྩོད་ཀྱིན་མེད་པ་ཁས་བླངས་ཡོད་དམ་མེད། ཡོད་ཚེ་དན་རྟགས་དང་། མེད་ན་རྒྱུ་རྐྱེན་ཅི་གཟིགས། གསུམ་པ། འབྲེལ་མོལ་སྔ་ཕྱི་རིམ་པ་འགའི་ནང་རྒྱ་གཞུང་ནས་ང་ཚོར་བསྒྲུབ་དགོས་པའི་རྣམ་གྲངས་འདྲ་མིན་ཁག་མང་པོ་ཞིག་བཏོན་པ་རྣམས་ལ་ངོས་འཛིན་ཇི་ལྟར་གནང་གིན་ཡོད་མེད་དང་། ད་ལན “ བྱེད་མི་རུང་བ་བཞི” ཟེར་བའི་གཉིས་པ་དེས་མ་འོངས་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལུང་འདྲེན་ཡུལ་མེད་པ་ཞིག་བཟོས་ཟིན་པར་གཟིགས་ཀྱིན་ཡོད་དམ་མེད། ཅེས་དྲིས་པར། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལན་འདེབས་གནང་དོན། དང་པོ། བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་གྲོས་གཞི་གཅིག་དང་བརྒྱུད་ལམ་གཅིག་གི་ཁོངས་སུ་གཏོགས་ཀྱིན་ཡོད། གཉིས་པ། འབྲེལ་མོལ་ཐེངས་དགུའི་ནང་དོན་རྒྱ་གཞུང་གིས་༧གོང་ས་ཆེན་པོས་རང་བཙན་རྩོད་ཀྱིན་མེད་པ་དོན་གྱིས་ཁས་བླངས་ཀྱང་། ཁས་བླངས་མེད་ཚུལ་བརྗོད་ཀྱིན་ཡོད། དེ་རྒྱུ་རྐྱེན་གང་ཡིན་ཚོད་དཔག་དཀའ། གསུམ་པ། རྣམ་གྲངས་འདྲ་མིན་ཁག་མང་པོ་ཟེར་བ་དེ་ “མཚམས་འཇོག་གསུམ” དང་། “རྒྱབ་སྐྱོད་མི་བྱེད་པ་བཞི” “རྒྱུན་འཁྱོངས་གསུམ” བཅས་ལ་གསུང་གིན་ཡོད་ན། མཚམས་འཇོག་གསུམ་ཁས་ལེན་བྱ་ཐབས་མེད་པར་ཞུས་པའི་དབང་གིས་རྒྱབ་སྐྱོར་མི་བྱེད་པ་བཞིར་བསྒྱུར་བ་རེད། རྒྱབ་སྐྱོར་མི་བྱེད་པ་བཞི་ཡང་ང་ཚོས་དེ་སྔོན་ནས་རྒྱབ་སྐྱོར་བྱེད་མྱོང་མེད་པ་ཞིག་རེད། རྒྱུན་འཁྱོངས་གསུམ་གྱི་སྐོར་འགྲེལ་བརྗོད་ཡིག་ཆའི་ནང་གསལ་པོར་བཀོད་ཡོད། བྱེད་མི་རུང་བ་བཞི་ཡང་ང་ཚོས་བྱེད་ཀྱིན་མེད་པ་ཤ་སྟག་རེད། དེའི་ནང་ནས་གཉིས་པ་དེས་མ་འོངས་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལུང་འདྲེན་ཡུལ་མེད་པ་ཞིག་བཟོས་ཟིན་པར་མཐོང་གི་མེད་པ་མ་ཟད། རྩ་ཁྲིམས་ལུང་འདྲེན་བདེ་རུ་ཕྱིན་པར་མཐོང་གིན་ཡོད་ཞུ་རྒྱུ་ཡིན། ཞེས་ལན་འདེབས་གནང་སོང་།
གོང་གི་དྲི་བ་དྲིས་ལེན་དེ་ལ་འཕྲོས་དོན་དྲི་བ་ཁག་ཅིག་དང་ལན་འདེབས་སོགས་གྲུབ་རྗེས། ༧གོང་ས་མཆོག་གིས་གྲོས་ཚོགས་སུ་བསྩལ་བའི་གསུང་འཕྲིན་དེའི་ཐོག་ལ་བགྲོ་གླེང་གནང་སོང་ལ། བགྲོ་གླེང་སྐབས་ཚིག་དོན་རེ་རེ་བཞིན་བགྲོ་གླེང་གོ་བསྡུར་ཞིབ་ལྷུག་གནང་སྐབས། སྤྱི་འཐུས་མང་པོ་ཞིག་གིས་༧གོང་ས་མཆོག་གི་གསུང་འཕྲིན་ལས “བསམ་
སྐབས་དེར་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུངས་དོན། ༧གོང་ས་མཆོག་གི་གསུང་འཕྲིན་ལ་ཐུགས་རྗེ་ཆེ་ཞུའི་གྲོས་འཆར་འདིའི་ཐད། གྲོས་ཚོགས་འཐུས་མི་མང་ཆེ་བས་དགོངས་ཚུལ་གསུངས་པའི་ཆ་ཤས་བླངས་སོང་། མང་ཆེ་བ་ཞིག་གིས་ཉན་ཞིབ་དགོས་ཀྱིན་མི་འདུག གསུང་འཕྲིན་འདི་བརྒྱུད་དེ་གསལ་བོ་ཆགས་སོང་ཞེས་གསུང་གིན་འདུག དེ་ལ་གཞི་བཞག་པ་ཡིན་ན་ཉན་ཞིབ་མི་དགོས་པ་ཆགས་ཡོད་མོད། འོན་ཀྱང་༧གོང་ས་མཆོག་གི་གསུང་འཕྲིན་ནང་། འཁྲུན་ཐག་ཆོད་པ་ཞིག་གནང་དགོས་གསུངས་ཡོད་སྟབས། དེ་རིང་གྲོས་ཚོགས་ནང་གི་བཀའ་མོལ་ལ་གཞིགས་ན། ད་དུང་འཁྲུན་ཐག་མ་ཆོད་པར་དོགས་གཞི་ཡོད་པའི་གནས་སྟངས་རེ་ཟུང་བྱུང་ཡོད་སྟབས། ཉན་ཞིབ་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན། ཉན་ཞིབ་དེ་ཕྱི་ཚེས་ ༡༨ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༡ དང་ཕྱེད་ཀའི་སྟེང་བཞག་ཡོད། ད་ལྟའི་གྲོས་ཚོགས་ཀྱི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་། སྐུ་ཚབ་རྣམ་པ་གྲོས་ཚོགས་སུ་གདན་འདྲེན་ཞུ་རྒྱུའི་ལམ་སྲོལ་མེད་སྟབས། གྲོས་ཚོགས་ཀྱི་ལས་རིམ་ནང་འཇོག་ཐབས་ཡོད་པ་མ་རེད། ཉན་ཞིབ་ཀྱི་ངོ་བོའི་ཐོག་ནས་འཇོག་རྒྱུ་ཡིན་ནམ། ཡང་ན་བཞུགས་མོལ་གྱི་ངོ་བོའི་ཐོག་ནས་འཇོག་རྒྱུ་ཡིན་རྗེས་ནས་ཐག་གཅོད་བྱ་རྒྱུ་ཡིན། སྐབས་དེར་༧གོང་ས་མཆོག་གི་གསུང་འཕྲིན་དང་འབྲེལ་བ་ཡོད་པ་གཅིག་ནི་བཀའ་ཟུར་རྣམ་པ་ཆགས་ཡོད་སྟབས། ཕྱི་རྒྱལ་དུ་ཡོད་པའི་བཀའ་ཟུར་རྣམ་པ་གདན་ཞུ་གནང་ཐུབ་པ་མ་རེད། དེ་མིན་རྒྱ་གར་ནང་ཡོད་པའི་བཀའ་ཟུར་ཚོ་ལ་སང་ཉིན་བརྡ་ཐོ་གཏོང་རྒྱུའི་ཐག་གཅོད་བྱས་ཡོད། ཅེས་གསུངས་སོང་།