དེ་རིང་སྔ་དྲོ་རྙིང་མའི་སྤྱི་འཐུས་སློབ་དཔོན་བསོད་ནམས་བསྟན་འཕེལ་ལགས་དང་རྒྱ་རི་བུ་ཕྲུག་ལགས་རྣམ་གཉིས་ཀྱིས་གནས་ཚུལ་ཁོ་སྤྲོད་བྱས་དོན་ལྟར་ན། སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་ཐོག་བཞི་པ་སྐྱབས་རྗེ་སྨིན་གླིང་ཁྲི་ཆེན་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་ཏེ། ད་བར་གནས་དུས་ཀྱི་རྐྱེན་པས་དབུ་འཛིན་གསར་པ་ཐུགས་གཏན་འཁེལ་བ་བྱུང་མེད།
ཉེ་སྔོན་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༢༡ སྐབས། གནས་མཆོག་རྡོ་རྗེ་གནད་དུ་རྙིང་མའི་དགོན་སྡེ་ཆེ་ཁག་གི་བླ་ཆེན་ཁག་དང་བླ་ཆེན་ཁག་གི་སྐུ་ཚབ། རྙིང་མའི་སྤྱི་འཐུས། སྨོན་ལམ་གྱི་འགན་འཛིན་ལྷན་ཚོགས་བཅས་ལྷན་འཛོམས་ཐོག་བཀའ་བསྡུར་ཐག་གཅོད་གནང་བར་རྙིང་མའི་བླ་ཆེན་སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག སྐྱབས་རྗེ་རྡོ་གྲུབ་ཆེན་རིན་པོ་ཆེ་མཆོག སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་རྣམ་བཞི་རིམ་པས་སྙན་སེང་ཞུ་རྒྱུ་གནང་བ་ལྟར། དང་པོ་སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་མཆོག་ལ་གསོལ་འདེབས་སྙན་གསེང་ཞུས་ཀྱང་ཞལ་བཞེས་མ་ཐོབ་པ་དང་། གཉིས་པ་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་ལ་གསོལ་འདེབས་ཞུས་པར་ཞལ་བཞེས་ལེགས་པར་ཐོབ་སོང་།
རྙིང་མའི་དབུ་འཛིན་ཁྲི་ཐོག་ལྔ་པ་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་གིས་ཞལ་བཞེས་ལེགས་ཐོབ་ཀྱི་བཀའ་དྲིན་སྤྱི་བསྩལ་བྱུང་བ་ལྟར། སྤྱི་ནོར་༧གོང་ས་མཆོག་དང་རང་གཞུང་ཆོས་རིག་ལས་ཁུངས་བཅས་ལ་སྙན་གསེང་ཡིག་ཆུང་ཕུལ་ཟིན་སྟབས། སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་རྙིང་མའི་དབུ་འཛིན་ཁྲི་ཐོག་ལྔ་བའི་མཚན་བཞེས་གནང་བར་བཀའ་དྲིན་བླ་མེད་ཆེ་ཞུ་རྒྱུ་ཡིན། ཞེས་བཀོད་འདུག