བུད་མེད་སྒེར་ལངས་ཐེངས་ ༥༡ པའི་སྟེང་རྒྱ་གཞུང་གིས་༧གོང་ས་མཆོག་ལ་མཚན་སྨོད་ཚད་ལས་བརྒལ་བ་བྱས་དང་བྱེད་མུས་ཡིན་ཐོག བོད་ནང་གི་བོད་མི་རྣམས་ལ་མ་ཉེས་ཁག་གཡོགས་ཀྱིས་སྲོག་ཐོག་བཏང་བ་སོགས་ཀྱིས་མཚོན་པའི་མནར་གཅོད་མུ་མཐུད་གཏོང་བཞིན་པར། ང་ཚོ་བཙན་བྱོལ་དུ་གནས་པའི་བོད་མི་རྣམས་བློ་ཡུལ་མི་བདེ་བ་དང་སེམས་འཚབ་ཆེན་པོའི་ངང་གནས་ཡོད་ཅེས་བུད་མེད་ཚོགས་གཙོས་གསུངས་ཡོད།
ཕྱི་ཚེས་ ༡༢ ཉིན་དེ་བོད་ཀྱི་བུད་མེད་ཀྱི་སྒེར་ལངས་ཐེངས་ ༥༡ པ་དེ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྲུང་གཙི་གནང་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཞོན་རྒྱ་རི་སྒྲོལ་མ་དང་བུད་མེད་ཚོགས་གཙོ་ཟུར་བ་བུ་མོ་ཚེ་རིང་། རྒྱ་རིགས་རྩོམ་པ་མོ་ཀྲོའུ་རོའུ། བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གི་འགན་འཛིན་སོགས་ཕེབས་ཡོད།
ཉིན་དེར་བུད་མེད་ལྷན་ཚོགས་ཀྱིས་བུད་མེད་སྒེར་ལངས་བྱས་ཏེ་མི་ལོ་ ༥༡ འཁོར་བའི་དུས་དྲན་ཉིན་མོའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཕྱི་ལོ་ ༡༩༥༩ ལོ་ནས་ད་བར་བོད་ཀྱི་རང་དབང་འཐབ་རྩོད་ཆེད་དུ་རང་སྲོག་བློས་གཏོང་མཁན་གྱི་རྒྱལ་གཅེས་དཔའ་མོ་རྣམས་ཀྱི་སྙིང་སྟོབས་དང་མཛད་རྗེས་ལ་དྲན་གསོ་དང་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན་ཞེས་དང་། ཉེ་ཆར་བོད་རྒྱ་འབྲེལ་མོལ་ཐེངས་དགུ་བ་གནང་ཡང་བཟང་ཕྱོགས་ཀྱི་གྲུབ་འབྲས་གང་ཡང་མ་ཐོན་པ་ནི་བློ་ཕམ་གྱི་རང་བཞིན་ཡིན་སྟབས། རྒྱ་ནག་གཞུང་ཕྱོགས་ནས་བོད་ཀྱི་དཀའ་རྙོག་སེལ་དགོས་བ་ནི་བོད་ཙམ་མིན་པར་རྒྱ་ནག་གཞུང་མང་ལའང་ཁེ་ཕན་ཡོད་ཅེས་གསལ་ཡོད།
དེ་བཞིན་རྒྱ་ནག་གི་མཁས་པ་མང་པོའི་རྩོམ་བྲིས་ནང་ད་ལྟའི་དམར་ཤོག་གི་དབང་ཆ་གཅིག་སྡུད་གྱི་ལམ་ལུགས་འོག་མི་མང་ལ་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་མང་གཙོའི་ལམ་སྲོལ་མེད་པ། དྲང་བདེན་དང་གྱི་ཁྲིམས་གཞི་མེད་པ། ལྷག་པར་དུ་བོད་མི་རིགས་དང་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ལ་འདྲ་མཉམ་དང་རང་དབང་གི་ཁྲིམས་གཞི་ལག་ལེན་ཇི་བཞིན་མེད་པ་བཅས་ལ་སྐྱོན་བརྗོད་བྱས་ཡོད། ཡང་གསལ་བསྒྲགས་ཡིག་ཆ་དེར་མུ་མཐུད་དེ་བཀོད་དོན། ༢༠༠༨ ལོ་ནས་བཟུང་དེང་རབས་ཀྱི་དྲག་ཤུགས་ལ་བརྟེན་ནས་ཉེས་མེད་བོད་རིགས་རྣམས་ལ་མ་ཉེས་ཁག་གཡོགས་ཀྱིས་འཛིན་བཟུང་དང་བཙོན་འཇུག་བྱས་པ་དང་། དམར་གསོད་བཏང་བ་སོགས་མི་སྤྱོད་ལས་འདས་པའི་བྱ་སྤྱོད་རབ་དང་རིམ་པ་སྤེལ་རུང་ད་བར་བོད་མིའི་སེམས་ཤུགས་དང་ཆིག་སྒྲིལ་གྱི་ནུས་ཤུགས་ནམ་ཡང་གཏོར་བཤིག་གཏོང་ཐུབ་མེད། དཔེར་ན། བོད་ནང་བུད་མེད་རྩོམ་པ་མོ་འོད་ཟེར་དང་འཇམ་དབྱངས་སྐྱིད་གཉིས་ལ་ཆ་མཚོན་ན་རྒྱ་ནག་གིས་བཙོན་འཇུག་དང་དམ་དྲག་ཅི་ཙམ་བྱས་ཀྱང་། ཁོང་གཉིས་ཀྱིས་རྩོམ་ཡིག་སྤེལ་རྒྱུ་མཚམས་འཇོག་གནང་མེད་པ་མ་ཟད་ད་ལྟའང་རྩོམ་ཡིག་སྤེལ་བཞིན་པ་ཡོངས་གྲགས་རེད། ནོར་འཛིན་དབང་མོ་དང་བཙུན་མ་སངས་རྒྱས་ལྷ་མོ་གཉིས་ཀྱང་ད་ལྟ་རྒྱ་ནག་གིས་འཛིན་བཟུང་བཙོན་འཇུག་གིས་མནར་གཅོད་ཚད་མེད་མྱོང་མུས་ཐོག་ལོ་ལྔའི་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་རེད། ཁོང་གཉིས་ཀྱི་ནག་ཉེས་ནི་བོད་ནང་དངོས་ཡོད་གནས་ཚུལ་ཕྱིར་བསྒྲགས་བྱས་པ་དང་སྐད་འབོད་ནང་འཛུལ་ཞུགས་བྱས་པའི་ཉེས་པ་ཕོག་ཡོད་པ་སོགས་ཀྱིས་ཀྱང་། བོད་ནང་གི་བོད་མིར་ཆབ་སྲིད་ཀྱི་རང་དབང་མེད་པ་དང་། ཤེས་ཡོན་གྱི་རང་དབང་མེད་པ། ཆོས་དད་རང་དབང་མེད་པ། འགྲོ་བ་མིའི་ཐོབ་ཐང་སོགས་གང་ཡང་མེད་པ་ར་འཕྲོད་གསལ་སྟོན་བྱུང་ཡོད་ཅེས་དང་། ཡང་ ༡༩༥༩ ལོ་ནས་བཟུང་དུས་ཡུན་རིང་བོའི་ནང་གཞིས་ལུས་བོད་མིས་དཀའ་སྡུག་དང་གཉའ་གནོན་བསམ་ཡུལ་ལས་འདས་པ་མྱོང་དགོས་བྱུང་ནའང་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ། རྒན་བྱིས་དབྱེར་མེད་དང་ཕོ་མོ་ཁྱད་མེད་སྒོས་ལྷག་བསམ་དང་སྙིང་སྟོབས་གཡོ་བ་མེད་པར་གནས་ཐུབ་པར་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན་ཞེས་གསལ་ཡོད།
ཉིན་དེར་བོད་ཀྱི་བུད་མེད་ཚོགས་པའི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས། དེ་རིང་གི་ཉིན་མོ་འདི་བཙན་བྱོལ་སྤྱི་ཚོགས་ཀྱི་ས་གནས་ཁག་ ༥༢ ནས་སྲུང་གཙི་ཞུ་བཞིན་པ་དང་། རྒྱ་ནག་གིས་ཕྱི་ལོ་ ༡༩༤༩ ཚུན་ནས་བོད་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་བོད་མིའི་ཆབ་སྲིད་ཀྱི་རང་དབང་། ཆོས་དད་ཀྱི་རང་དབང་དང་ཤེས་ཡོན་གྱི་རང་དབང་སོགས་ལ་རིག་གནས་གསར་བརྗེ་དང་རྒྱལ་གཅེས་ཆོག་གཅེས་སོགས་ཀྱི་མིང་སྣ་ཚོགས་བཏགས་ཏེ། དོན་དུ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། ཡུལ་གོམས་གཤིས་ལུགས་སོགས་རིམ་བཞིན་འཆར་གཞི་ལྡན་པའི་སྒོ་ནས་རྩ་མེད་བཟོ་དང་བཟོ་བཞིན་པ་དང་། ད་ལྟ་རྡུང་རྡེག་ཚ་ནན་གྱི་ལས་འགུལ་འོག་བོད་མི་རྣམས་ལ་མི་ཆོས་ལས་འདས་པའི་མནར་གཅོད་སྣ་ཚོགས་གཏོང་བའི་གནས་སྟངས་ཛ་དྲག་ཏུ་གྱར་ཡོད་ཅེས་དང་། ༢༠༠༨ ལོ་ནས་བཟུང་བོད་ནང་བོད་མི་རྣམས་ཀྱིས་ཞི་བའི་སྒེར་ལངས་ཀྱིས་ལས་འགུལ་སྤེལ་སྐབས་བོད་མི་མང་བོ་དམར་གསོད་བཏང་བ་དང་། བཙོན་འཇུག གར་སོང་ཆ་མེད་དུ་གྱུར་བ་སོགས་ཀྱི་གནས་ཚུལ་འཛམ་གླིང་མི་མང་གི་སྤྱན་ལམ་དུ་མིག་མཐོང་ལག་ཟིན་བྱུང་ཡོད་ཀྱང་། རྒྱ་གཞུང་གིས་ད་དུང་ཁས་ལེན་བྱེད་ཀྱི་མེད་ཁར་༧གོང་ས་མཆོག་ལ་མཚན་སྨོད་ཚད་ལས་བརྒལ་བ་བྱས་དང་བྱེད་མུས་ཡིན་ཐོག བོད་ནང་གི་བོད་མི་རྣམས་ལ་མ་ཉེས་ཁག་གཡོགས་ཀྱིས་སྲོག་ཐོག་བཏོང་བ་སོགས་ཀྱིས་མཚོན་པའི་མནར་གཅོད་མུ་མཐུད་གཏོང་བཞིན་པར། ང་ཚོ་བཙན་བྱོལ་དུ་གནས་པའི་བོད་མི་རྣམས་བློ་ཡུལ་མི་བདེ་བ་དང་སེམས་འཚབ་ཆེན་པོའི་ངང་གནས་ཡོད་ཅེས་བརྗོད་ཡོད།
ཉིན་དེར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ཀྱིས། དེ་རིང་ངས་བོད་ཕྱི་ནང་གཉིས་སུ་ཡོད་པའི་བུད་མེད་རྣམས་ལ་འབོད་སྐུལ་ཞུ་རྒྱུར། རང་སྲོག་བློས་གཏོང་གནང་མཁན་གྱི་དཔའ་བོ་དཔའ་མོ་དག་གིས་རྒྱལ་ཁབ་དང་མི་རིགས། ང་ཚོ་ཚང་མའི་ཆེད་དུ་རང་སྲོག་བློས་གཏོང་བྱས་པར་དོན་དག་འགྲུབ་ཡོད་དམ་ཟེར་ན། འགྲུབ་ཡོད་པ་མ་རེད། ད་ལྟའི་བོད་ནང་གི་གནས་སྟངས་དེ་ངས་ཞིབ་ཚགས་པོ་བྱས་ནས་ཞུ་འདོད་མེད་ནའང་། གང་ལྟར་དེ་རིང་ཁ་སང་གི་བོད་ནང་གི་གནས་སྟངས་དེ་ ༡༩༥༩ ལོའི་གནས་སྟངས་ལས་སྡུག་ཏུ་ཕྱིན་པ་ཞིག་ལས་ཡག་ཏུ་ཕྱིན་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་མེད་ཅིང་། དེ་ང་ཚོས་དྲན་གསོ་བྱས་ཐོག་བུད་མེད་ཚོས་མུ་མཐུད་བོད་དོན་བདེན་མཐའ་གསལ་ཆེད་ལས་ཀ་བྱེད་དགོས་པ་དང་། གཞིས་ལུས་བོད་མི་རྣམས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དེ་ང་ཚོས་འཁྱེར་དགོས་ཀྱི་འདུག་ཅེས་གསུངས་ཡོད།
དེ་བཞིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་མྱུར་ཏུ་བཙོན་གྲོལ་ཡོང་ཆེད་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད།