གསུམ་བཅུའི་དུས་དྲན་ཉིན་ནས་བཟུང་རྡེ་ར་རྡུན་བདེ་སྐྱིད་གླིང་ས་གནས་བོད་ཀྱི་གཞོན་ནུའི་གོ་སྒྲིག་འོག རྒྱ་གར་གྱི་མངའ་སྡེ་ཁག་ཅིག་ནང་ཉིན་བཅོ་ལྔའི་རིང་གི་འཕྲུལ་རྟའི་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་གྱིན་ཡོད་འདུག
ཟླ་འདིའི་གསུམ་བཅུའི་དུས་དྲན་ཉིན་ནས་བཟུང་རྡེ་ར་རྡུན་བདེ་སྐྱིད་གླིང་ས་གནས་གཞོན་ནུས་གོ་སྒྲིག་འོག མི་ ༣༡ ཙམ་གྱིས་རྒྱ་གར་ཨུ་ཌུ་ར་ཁན་ ( Uttarakhand ) ཡུས་པེའུ་ (Uttar Pradesh) ལྡི་ལི་ ( New Delhi ) སོགས་མངའ་སྡེ་ཁག་ཅིག་ནང་འཕྲུལ་རྟའི་སྐོར་སྐྱོད་ཅིག་མགོ་འཛུགས་བྱས་ཡོད་པ་དང་། འཕྲུལ་རྟའི་སྐོར་སྐྱོད་འདི་ཉིན་བཅོ་ལྔའི་རིང་ལ་བྱས་ཏེ་བོད་དོན་དྲིལ་བསྒྲགས་བྱ་རྒྱུ་ཡིན་འདུག ཐེངས་འདིའི་འཕྲུལ་རྟའི་སྐོར་སྐྱོད་སྐབས་འཕྲུལ་རྟ་བཅུ་དང་རླངས་འཁོར་ཆུང་བ་གཅིག དོས་སྐྱེལ་རླངས་འཁོར་གཅིག་བཅས་ཡོད་འདུག
ས་གནས་གཞོན་ནུ་ཚོགས་པའི་ཚོགས་གཙོ་ཡེ་ཤེས་ཐར་ཆེན་ལགས་ཀྱིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་བ་ལྟར་ན། འདས་པའི་ཉིན་གཉིས་རིང་རྒྱ་གར་གྱི་གྲོང་ཁྱེར་དང་ས་གནས་ཁག་ཅིག་ནས་བོད་དོན་དྲིལ་བསྒྲགས་སྐོར་དང་ད་ལྟའི་བོད་ནང་གི་གནས་སྟངས་སྐོར་ལ་གསར་འགོད་གསལ་བསྒྲགས་ཐེངས་འགར་གནང་ཡོད་འདུག ཁོང་གིས་ད་དུང་ད་ལོའི་གསུམ་བཅུའི་དུས་དྲན་འདི་ནི་གསུམ་བཅུའི་དུས་དྲན་ཐེངས་ ༥༡ པ་དེ་ཆགས་ཡོད་པ་དང་། ༢༠༠༨ ལོར་བོད་ནང་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་རྒྱ་གཞུང་གིས་བོད་མི་མང་པོ་ཞིག་ལ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་དང་གཏོང་བཞིན་པར་བརྟེན། རྒྱ་གར་མང་ཚོགས་དང་རྒྱལ་སྤྱིའི་སྟེང་གི་བོད་དོན་རྒྱབ་སྐྱོར་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག ཨ་རི་གཙོས་སྟོབས་ཆེན་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་རག་ཆེད་དྲིལ་བསྒྲགས་དང་འབོད་སྐུལ་ཞུ་རྒྱུ་དང་། གཞན་ཡང་ལོ་སྔོན་མར་ང་ཚོ་སྐྱབས་བཅོལ་དུ་འབྱོར་ནས་ལོ་ལྔ་བཅུ་འཁོར་བ་དང་། ད་ལོར་ལོ་ ༥༡ འཁོར་གྱིན་ཡོད་པར་བརྟེན། འདས་པའི་ལོ་ངོ་འདི་དག་རིང་རྒྱ་གར་གཞུང་མང་གིས་ང་ཚོ་སྐྱབས་བཅོལ་དུ་སྡོད་བཅུག་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུའི་ཆེད་དུའང་ཡིན་ཞེས་གསུངས།
གཞན་ཡང་ཉིན་བཅོ་ལྔའི་རིང་གི་ལས་འགུལ་འདི་ཕྱི་ཚེས་ ༢༤ ཉིན་བདེ་སྐྱིད་གླིང་གཞིས་ཆགས་སུ་མཇུག་སྒྲིལ་གྱི་ཡིན་ལ། ཐེངས་འདིའི་ལས་འགུལ་སྐབས་ང་ཚོས་དགོས་འདུན་བཞི་འདོན་གྱི་ཡོད་པ་ནི། གཅིག བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་དགོས་ཀྱི་འདུག གཉིས། པཎ་ཆེན་ཆུང་སྲིད་མཆོག་མྱུར་ཏུ་བཙོན་གྲོལ་དགོས་པ་དང་ཁོང་གི་སྐུ་གཟུགས་གནས་བབ་སྐོར་འཛམ་གླིང་ནང་ཡོངས་གྲགས་ཐོག་གསལ་བོ་བཟོ་དགོས་པ། གསུམ། བོད་ཀྱི་ས་ཐོིག་ནས་རྒྱ་ནག་གིས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་དང་བོད་ཀྱི་རང་བྱུང་གཏེར་ཁ་གང་བྱུང་སྔོག་འདོན་བྱེད་པ་སོགས་མཚམས་འཇོག བཞི། རྒྱ་ནག་གི་བོད་ཀྱི་རྒྱལ་ས་ལྷ་སའི་བར་དུ་མེ་འཁོར་ལྕགས་ལམ་མགོ་བཙུགས་པ་ནས་རྒྱ་རིགས་རྣམས་བོད་ཀྱི་ས་ཐོག་ཏུ་སྤོར་ཤུགས་ཆེ་རུ་བཏང་ཡོད་པར་བརྟེན། བོད་དེ་མི་སེར་སྤེལ་ཡུལ་བྱེད་རྒྱུར་མཚམས་འཇོག་དགོས་པ་བཅས་ཡིན་ཟེར།