མ་འོངས་པར་རྒྱ་ནག་དམངས་གཙོའི་ལམ་དུ་ཕྱོགས་པའི་དུས་སུའང་ང་ཚོ་ཕན་ཚུན་མཉམ་འབྲེལ་བྱ་ངེས་པས།སྐབས་དེར་རྒྱ་ནག་མི་མང་གིས་བོད་ཀྱི་བདེན་དོན་དང་བོད་རིགས་མི་མང་གི་མངོན་འདོད་འགྲུབ་པར་གདམ་གསེས་ཀྱི་དབང་ཆར་རྒྱབ་སྐྱོར་བྱ་ངེས་ཡིན།
འདི་ལོའི་གསུམ་བཅུའི་དུས་དྲན་ཐེངས་༥༡པའི་དུས་དྲན་གྱི་ཉིན་མོ་དང་སྟབས་བསྟུན། ཕྱི་སྡོད་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་བཞུགས་སྒར་དུ་འབྱོར་ཏེ་༧གོང་ས་མཆོག་ལ་མཇལ་ཁ་ཞུས་རྗེས།དུས་དྲན་མཛད་སྒོའི་སྟེང་མཉམ་ཞུགས་དང་བོད་རིགས་མི་མང་ལ་རྒྱབ་སྐྱོར་གྱི་རྣམ་པ་མཚོན་ཕྱིར་དྲན་རྟེན་རྡོ་བརྐོས་རི་མོ་ཞིག་ཀྱང་བོད་ཀྱི་འགྲེམ་སྟོན་ཁང་ལ་ཕུལ་ཡོད་པ་དང་། ཕྱི་ཚེས་༡༡ཉིན་མེག་གྷན་གྱི་མགྲོན་ཁང་ལྗང་ཁུ་ ( Green Hotel ) འི་ནང་གསར་འགོད་གསལ་བསྒྲགས་སྤེལ་ཡོད། སྐབས་དེར་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཆིན་ཅིན་ཡིས་བརྗོད་དོན།ཐེངས་འདིའི་བོད་མིའི་ཞི་བའི་སྒེར་ལངས་ཀྱི་དུས་དྲན་ཐེངས་༥༡པའི་གོ་སྐབས་འདི་དང་སྟབས་བསྟུན་ཏེ་ང་ཚོ་ཨ་རི་དང་ཨོ་སི་ཊི་ལི་ཡ། ཉི་ཧོང་།འཇར་མན།ཐེ་ལན་ཌི།ཐེ་ཝན།ཧོང་ཀོང་། ཁཱམ་སྤེ་ཊེ་ཡ་བཅས་རྒྱལ་ཁབ་༨ཀྱི་ནང་དུ་གནས་སྡོད་བྱས་པའི་ཕྱི་སྡོད་རྒྱ་རིགས་དམངས་གཙོ་དོན་གཉེར་བའི་ཚོགས་པ་དང་པེ་ཅིན་གྱི་དཔྱིད་ཀ་དུས་དེབ་ཀྱི་ཚོགས་པ་བཅས་ཚོགས་པ་མི་འདྲ་བ་ཁག་གི་མི་སྣ་དང་གསར་འགོད་པ་བཅས་མི་༢༣ངྷ་རམ་ས་ལར་ཡོང་བ་ཡིན།ང་ཚོའི་དམིགས་ཡུལ་ནི།བོད་མི་རིགས་ཀྱིས་མི་ལོ་༥༠ལྷག་གི་རིང་ལ་འཐབ་རྩོད་བྱས་པའི་ཆེས་མཐོའི་རང་སྲིད་རང་སྐྱོང་གི་གནས་བབ་ལ་རྒྱབ་སྐྱོར་དང་བོད་ཀྱི་བདེན་དོན་འཐབ་རྩོད་ཁྲོད་ཀྱི་ཉམས་མྱོང་བསྡུ་ལེན་བྱ་ཆེད།རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་སྣང་དང་ལྷག་པར་རྒྱ་རིགས་ནང་ཁུལ་ཏུ་དོ་སྣང་ཤུགས་ཆེ་རུ་འགྲོ་བར་བྱ་ཆེད་བཅས་ཡིན།འདས་པའི་དུས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཀྱི་གནད་དོན་ལ་དོ་སྣང་བྱས་ཡོད་ཀྱང་།གནད་ལ་འཁེལ་བའི་རྒྱབ་སྐྱོར་ཐོབ་མེད་པའི་དབང་གིས་བོད་ཀྱི་གནད་དོན་ད་ལྟའི་དུས་འདིར་ཡང་ལྷག་ཡོད་པ་རེད་ཅེས་དང་། ཡང་ཁོང་གིས། བོད་རིགས་དང་རྒྱ་རིགས་མི་མང་ད་ལྟའི་དུས་འདིར་ཡང་མཉམ་གནས་བྱས་ཡོད་ལ།མ་འོངས་པར་རྒྱ་ནག་དམངས་གཙོའི་ལམ་དུ་འགྱུར་བའི་དུས་སྐབས་སུའང་ཕན་ཚུན་མཉམ་འབྲེལ་བྱ་ངེས་ཡིན་སྟབས། སྐབས་དེར་རྒྱ་ནག་མི་མང་གིས་བོད་ཀྱི་བདེན་དོན་དང་བོད་མིའི་མངོན་འདོད་ལྟར་གདམ་གསེས་ཀྱི་དབང་ཆར་རྒྱབ་སྐྱོར་བྱ་ངེས་པར་ང་རང་ལ་ཡིད་ཆེས་ཡོད།འདི་ནི་ང་ཚོ་དམངས་གཙོ་དོན་གཉེར་བ་རྣམས་ཀྱི་དམིགས་ཡུལ་ཡང་ཡིན། འདས་པའི་དུས་ནས་བཟུང་རྒྱ་ནག་གཞུང་དང་ཏཱ་ལའི་བླ་མའི་སྐུ་ཚབ་དབར་གྱི་འབྲེལ་མོལ་ཐེངས་དགུ་བའི་གོ་རིམ་ལ་བལྟས་ན་མངོན་སུམ་གྱི་གྲུབ་འབྲས་གང་ཡང་ཐོན་མེད་སྟབས།ང་ཚོས་ཐེངས་འདིའི་གོ་སྐབས་འདི་བརྒྱུད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཀྱི་གནད་དོན་ལ་སྔར་ལས་ལྷག་པའི་དོ་སྣང་དང་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་དང་འབོད་སྐུལ་ཞུ་བཞིན་ཡོད།ཅེས་བརྗོད་བྱུང་།
ཡང་།པེ་ཅིན་གྱི་དཔྱིད་ཀ་དུས་དེབ་ཀྱི་རྩོམ་སྒྲིག་པ་ཝེ་ཞོ་ལགས་ཀྱིས།ལོ་༢༠༠ཡར་སྔོན་དུ་ཧྥ་རན་སིའི་མི་དམངས་ཀྱིས་ཨ་རིའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་ཆེད་རང་དབང་གི་ལྷ་སྐུ་ཞིག་ཕུལ་ཏེ་ཁོང་ཚོས་ཨ་རིའི་མི་དམངས་ལ་རྒྱབ་སྐྱོར་གྱི་རྣམ་པ་མཚོན་པ་རེད།ཐེངས་འདིར་ང་ཚོས་ཀྱང་དུས་དྲན་ལ་མཉམ་ཞུགས་བྱས་པ་དང་ལྷན་དུ་རྒྱ་རིགས་རྡོ་བརྐོས་པ་ཁྲིན་ཝེ་མེན་ལགས་ཀྱིས་བོད་མིའི་ཞི་བའི་སྒེར་ལངས་དུས་དྲན་འདིར་ཆེད་དུ་བཟོ་བཀོད་བྱས་པའི་རྡོ་བརྐོས་རི་མོ་ཞིག་བོད་རིགས་མི་མང་ལ་ཕུལ་བ་ཡིན།རི་མོ་འདིས་བོད་མི་རྣམས་ཀྱིས་ཏཱ་ལའི་བླ་མ་དང་བོད་རང་དབང་འཐབ་རྩོད་ཆེད་ཧི་མ་ལ་ཡའི་རི་བརྒྱུད་བརྒལ་བའི་གཡོ་མེད་ཀྱི་དམ་བཅའ་དང་སྙིང་སྟོབས་ཀྱི་སྣང་བརྙན་འབུར་དུ་བཏོད་ཡོད་ལ།ང་ཚོ་ཕྱི་སྡོད་རྒྱ་རིགས་རྣམས་ཀྱི་བོད་ཀྱི་བདེན་དོན་ལ་བཅངས་བའི་ལྷག་བསམ་དང་རྒྱབ་སྐྱོར་ཡང་མཚོན་ཡོད། ཅེས་དང་། ཡང་ཁོང་གིས་མུ་མཐུད་དོན། ང་ཚོ་ཕྱིར་སྡོད་རྒྱ་རིགས་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་གནད་དོན་བཞིའི་སྟེང་ནས་རྒྱ་ནག་དམངས་གཙོའི་ལམ་དུ་འགྲོ་བར་འབད་པ་བྱེད་ཀྱིན་ཡོད།དང་པོ།བོད་མི་མང་གིས་རྒྱ་ནག་ནང་ཁུལ་ཏུ་རང་ཉིད་ཀྱི་བདེ་སྡུག་ཕྱིར་སྒྲོག་མི་ཆོག་པ་ལྟར།རྒྱ་ནག་མི་མང་གིས་ཀྱང་རང་ཉིད་ཀྱི་བདེ་སྡུག་གི་ཚོར་བ་ངོ་མ་སྒྲོག་མི་ཐུབ་པའི་དབང་གིས་ང་ཚོའི་འཛམ་གླིང་ཕྱི་ཕྱོགས་སུ་རྒྱ་ནག་ནང་ཁུལ་གྱི་མི་མང་གི་དངོས་ཡོད་ཀྱི་གནས་ཚུལ་བརྒྱུད་སྒྲོག་བྱེད་ཀྱིན་ཡོད།གཉིས་པ།ང་ཚོས་རྒྱ་སྤྱིའི་སྤྱི་ཚོགས་དང་དབུ་ཁྲིད་རྣམ་པར་རྒྱ་ནག་ནང་ཁུལ་གྱི་མི་མང་གིས་ད་ལྟ་མྱོང་བཞིན་པའི་དཀའ་ངལ་དང་གནས་སྟངས།བྱེད་ལས་སོགས་བརྒྱུད་སྒྲོག་བྱས་ཏེ་རྒྱ་ནག་ནང་ཁུལ་གྱི་དམངས་གཙོ་དོན་གཉེར་བ་དང་མི་མང་ལ་རོགས་སྐྱོར་བྱེད་ཀྱིན་ཡོད།གསུམ་པ།ང་ཚོས་རྒྱ་ནག་ནང་ཁུལ་གྱི་མི་མང་དང་ཕྱི་སྡོད་རྒྱ་རིགས་དབར་གྱི་འབྲེལ་ལམ་ཐད་ལ་འབད་པ་བྱེད་ཀྱིན་ཡོད་ལ།ལྷག་པར་རྒྱ་ནག་ནང་ཁུལ་གྱི་མི་མང་གི་དཀའ་ངལ་དང་དྲང་བདེན་མིན་པའི་གནས་ཚུལ་གང་མང་ཐོག་འབྲེལ་བ་བྱས་ཏེ་སེལ་ཐབས་བྱེད་ཀྱིན་ཡོད།བཞི་པ།ང་ཚོས་རྒྱ་ནག་ནང་ཁུལ་དང་ཕྱི་ཕྱོགས་སུ་དམངས་གཙོའི་སྒྲིག་འཛུགས་གསར་འཛུགས་དང་དམངས་གཙོ་དོན་གཉེར་བ་གསོ་སྐྱོང་བྱེད་བཞིན་ཡོད།ང་ཚོ་ཕྱི་སྡོད་རྒྱ་རིགས་དམངས་གཙོ་དོན་གཉེར་བར་མཚོན་ནའང་ཕྱི་ཕྱོགས་སུ་མི་འདང་བའི་ཆ་མང་བ་བཞིན་བོད་ལ་མཚོན་ནའང་ལྟ་ཚུལ་མི་འདྲ་མང་པོ་ཞིག་ཡོང་གི་ཡོད་པ་རེད།དེ་ལྟ་ནའང་།ང་ཚོའི་གཅིག་མཚུངས་ཀྱི་དམིགས་ཡུལ་ནི་རང་ཉིད་ཀྱི་བདེན་དོན་གླེང་རྒྱུ་དེ་རེད་ཅེས་བརྗོད་བྱུང།
ཆུ་ཚོད་གཅིག་རིང་གི་གསར་འགོད་གསལ་བསྒྲགས་སྟེང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ལྔ་ལྷག་གིས།ཐེངས་འདིའི་བོད་མིའི་ཞི་བའི་སྒེར་ལངས་ཐོག་མཉམ་ཞུགས་གནང་བའི་རྒྱུ་རྐྱེན་དང་།ཕྱི་སྡོད་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དག་གི་དམིགས་ཡུལ་སོགས་བརྒྱུད་ལམ་ཁག་ཏུ་ཞིབ་མོར་བརྗོད་བྱུང་ལ།དེ་བཞིན་རྒྱ་ནག་ནང་ཁུལ་གྱི་ད་ལྟའི་གནས་སྟངས་དང་དྲ་ལམ་བཀག་འགོག ཉེ་ཆར་ཐེ་ལན་ཌིའི་ནང་འཛིན་བཟུང་བཙོན་འཇུག་བྱས་ཡོད་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་གློད་གྲོལ་ཡོང་ཐབས་སུ་བོད་རིགས་མི་མང་ལ་རྒྱབ་སྐྱོར་དང་འབོད་སྐུལ་གནང་དགོས་པའི་རེད་འདུན་ཡང་བཏོན་ཡོད།