བྱེ་ཐང་གི་དགོན་གསར།

གསེར་ཐང་བླ་བྲང་ནང་བསྟན་སློབ་གླིང་གི་མཁན་ཆེན་བསོད་ནམས་རྣམ་རྒྱལ་མཆོག་གི་སྦྱིན་བདག་འོག ན་གོར་མོ་གྲོང་ཁྱེར་གྱི་ཉེ་འདབས་སུ་༼ གསང་ཆེན་བཤད་སྒྲུབ་བཀྲ་ཤིས་གླིང ༽ཞེས་པའི་དགོན་པ་ཞིག་གསར་འདེབས་ལེགས་འགྲུབ་བྱུང་སྟེ། སྔར་ལོའི་ཕྱི་ཟླ་ ༡༡ ཚེས་ ༩ ཉིན་སྒོ་འབྱེད་མཛད་སྒོ་བསྡུས་ཡོད། མཛད་སྒོ་དེར་མཁན་ཆེན་མཆོག་གཙོས་པའི་ན་གོར་མོ་གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་དང་འབྲེལ་ཡོད་ལས་བྱེད། ན་གོར་མོ་ས་ཁུལ་གྱི་སོག་རིག་དང་ཧོར་རིགས་སོགས་མི་རིགས་ཁག་གི་སྐུ་ཚབ་དང་ས་གནས་དད་ལྡན་མང་ཚོགས་བཅས་སྐུ་མགྲོན་ ༥༠༠ ཙམ་ཕེབས་ཡོད་འདུག དགོན་པ་འདིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༨༡༩ ཡོད་པ་དང་། འགྲོ་གྲོན་རྒྱ་སྒོར་ས་ཡ་གཅིག་དང་འབུམ་བདུན་ ༡༧༥༠༠༠༠ ལྷག་བཏང་ཡོད་འདུག

ན་གོར་མ་ས་ཁུལ་དུ་སྔར་བོད་རིགས་མང་པོ་མེད་ནའང་རྒྱ་རིགས་དང་སོག་རིགས་བཅས་ནང་པའི་མི་རིགས་མང་པོ་ཡོད་ཅིང་། རྒྱ་གཞུང་གི་ནུབ་རྒྱུད་གསར་གཏོད་ཆེན་མོ་དང་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་སོགས་ཀྱི་སྲིད་བྱུས་འོག ཕྱི་ལོ་ ༡༩༩༥ ཡས་མས་ནས་མཚོ་སྔོན་ཡུལ་ཤུལ་ཁུལ་གཙོས་པའི་རྨ་འབྲུ་རྫ་གསུམ་འབྱུང་ཡུལ་གྱི་བོད་རིགས་འབྲོག་སྡེ་མང་པོ་ཞིག་ན་གོར་མོའི་བྱེ་ཐང་ལ་གཞིས་སྤོར་བྱེད་དུ་བཅུག་ཡོད་སྟབས། ད་ཆར་བོད་རིགས་གང་འཚམ་ཞིག་ན་གོར་མོའི་བྱེ་ཐང་ཁུལ་དུ་གཞིས་སྡོད་བྱས་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

12 thoughts on “བྱེ་ཐང་གི་དགོན་གསར།

  1. སྐུ་མཁྱེན། གསར་འགྱུར་འགོད་སྐབས་དོ་སྣང་ལེགས་པོ་བྱེད་རོགས། དགོན་པ་དེའི་རྒྱ་ཁྱོན་ལ་༼སྤྱི་ལེ་གྲུ་བཞི་མ༨༡༩ཡོད༽ཅེས་བྲིས་པ་དེར་ནོར་ཚབ་ཆེན་པོ་ཤོར་ཡོད་པ་འདྲ། བསྐྱར་བཅོས་བྱེད་རོགས།

  2. ས་སྟོང་ཞིག་ནས་དགོན་པ་བརྒྱབ་པ་ས་ལམ་ངོ་སྤྲོད་བྱེད་ཆེད་རེད། །
    ས་ཆ་འདི་ཡི་ཐག་ཉེ་དག་ན་ཧོར་སོག་མི་མང་ཉི་ལི་ལི། །
    ས་བཅུའི་སེམས་དཔའ་ཨ་ཏི་ཤས་ཀྱང་སྙེ་ཐང་བྱེ་མར་ཆོས་འཁོར་བསྐོར། །
    ས་སྟོང་མ་ཟེར་ས་ཆ་འདི་ན་གཤིན་པོ་འབུམ་གྱི་རྣམ་ཤེས་ཡོད། །

  3. འཇིགས་བྲལ་བསྟན་འཛིན།

    རྟེན་འབྲེལ་ཞུ། དགོན་པ་ཡག་པོ་ཞིག་རྒྱབ་འདུག འགྲོ་སོང་ཆེན་པོ་བཏང་འདུག བསྟན་པ་རྒྱས་ཐབས་ཀྱི་དགོངས་པ་རླབས་ཆེན་ཡོད་རྒྱུ་རེད། དེ་བས་བོད་ཀྱི་རིག་གཞུང་གི་མ་ལག་འཕེལ་རྒྱས་བྱུང་བར་གཏོར་བརླག་གི་བཀའ་མོལ་མ་གསུངས་ན་ཡག་གི་རེད།

    སློབ་གྲྭ་རྒྱག་འདོད་ཡོད་ན་སོ་སོས་རྒྱོབ་ཨང་།