༧གོང་ས་མཆོག་ལ་གཡུ་ཐོག་གཟེངས་རྟགས་ཕུལ་བ།

༡༩༥༩ ལོ་ནས་བཟུང་བོད་རྒྱ་ལག་ཏུ་ཤོར་ཏེ་བོད་ཀྱི་ཆོས་དང་བསྟན་པ་ཆབ་སྲིད་བཅས་ལ་ཉམ་ཉེས་ཆེན་པོ་བྱུང་སྐབས། བོད་ཀྱི་གསོ་བ་རིག་པའང་དེ་ལྟར་ཉམ་ཉེས་ཤུགས་ཆེར་བྱུང་ཡོད་ཀྱང་། བཙན་བྱོལ་ནང་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་འོག་བོད་ཀྱི་གསོ་བ་རིག་པ་བསྐྱར་དར་བྱུང་བར་མ་ཟད། དེང་སྐབས་འཛམ་གླིང་ནང་བོད་ཀྱི་གསོ་བ་རིག་པ་ཞེས་རླབས་ཆེན་གྱི་གསོ་བ་རིག་པ་ཞིག་ཆགས་ཐུབ་ཡོད་པར་བརྟེན་རྩོད་མེད་ཐོག་གཡུ་ཐོག་གཟེངས་རྟགས་དེ་༧གོང་ས་མཆོག་ལ་ཕུལ་ཡོད་འདུག

ཕྱི་ཚེས་ ༡༥ ནས་ ༡༧ བར་ཉིན་གསུམ་རིང་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་གཉིས་པ་དེ་བཞུགས་ངྷ་ས་བོད་གཞུང་སྨན་རྩིས་ཁང་དུ་འཚོགས་ཀྱིན་ཡོད་པ་དང་། ཚེས་ ༡༥ ཉིན་གྱི་མཛད་སྒོའི་སྐུ་མགྲོན་དུ་བོད་གཞུང་འཕྲོད་བསྟེན་བཀའ་བློན་དང་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་སློབ་སྟོན་པ་སྨན་པ་ཟླ་བ་རྣམ་གཉིས་ཕེབས་ཡོད། ཐེངས་འདིའི་ཚོགས་འདུའི་སྟེང་དབུས་ས་གཉིས་ཀྱི་སྨན་པ་བརྒྱ་ལྷག་མཉམ་འཛོམས་ཀྱིས་བོད་ཀྱི་གསོ་བ་རིག་པ་མུ་མཐུད་ཡར་རྒྱས་དང་གོང་འཕེལ་གཏོང་ཕྱོགས་ཐད་བགྲོ་གླེང་གནང་རྒྱུ་ཡིན་འདུག

མཛད་སྒོའི་སྟེང་༧གོང་ས་མཆོག་དང་ཁོང་གི་བླ་སྨན་ཞིང་གཤེགས་སྨན་པ་བསྟན་འཛིན་ཆོས་གྲགས་ལགས་རྣམ་གཉིས་སུ། གཡུ་ཐོག་གཟེངས་རྟགས་ཞེས་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་གཟེངས་རྟགས་དང་ཕྱག་འཁྱེར་ཐེངས་དང་པོ་དེ་གནང་ཡོད་ཅིང་། གཡུ་ཐོག་གཟེངས་རྟགས་དང་པོ་དེ་༧གོང་ས་མཆོག་ལ་འབུལ་དོན་ནི། ༡༩༥༩ ལོ་ནས་བཟུང་བོད་རྒྱ་ལག་ཏུ་ཤོར་ཏེ་བོད་ཀྱི་ཆོས་དང་བསྟན་པ་ཆབ་སྲིད་བཅས་ལ་ཉམ་ཉེས་ཆེན་པོ་བྱུང་སྐབས། བོད་ཀྱི་གསོ་བ་རིག་པའང་དེ་ལྟར་ཉམ་ཉེས་ཤུགས་ཆེར་བྱུང་ཡོད་ཀྱང་། བཙན་བྱོལ་ནང་༧གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་འོག་བོད་ཀྱི་གསོ་བ་རིག་པ་བསྐྱར་དར་བྱུང་བར་མ་ཟད། དེང་སྐབས་འཛམ་གླིང་ནང་བོད་ཀྱི་གསོ་བ་རིག་པ་ཞེས་རླབས་ཆེན་གྱི་གསོ་བ་རིག་པ་ཞིག་ཆགས་ཐུབ་ཡོད་པར་བརྟེན་རྩོད་མེད་ཐོག་༧གོང་ས་མཆོག་ལ་ཕུལ་བ་དང་། གཟེངས་རྟགས་གཉིས་པ་དེ་བོད་ཀྱི་གསོ་བ་རིག་པའི་ཐོག་ཏུ་གཞུང་ལུགས་དང་ལག་ལེན། སྨན་ཕྱོགས་དང་སྨན་པའི་ལག་ལེན་དངོས་ཀྱི་ཁྲོད་གཟེངས་སུ་ཐོན་པའི་མཛད་རྗེས་འཇོག་མཁན་སྐུའི་བླ་སྨན་ཞིང་གཤེགས་བསྟན་འཛིན་ཆོས་གྲགས་ལགས་སུ་ཕུལ་བ་ཡིན་འདུག

སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་ལགས་ཀྱིས་གཡུ་ཐོག་གཟེངས་རྟགས་༧གོང་ས་མཆོག་དང་ཞིང་གཤེགས་བླ་སྨན་རྣམ་གཉིས་ལ་ཕུལ་བའི་སྐོར་ནས་གསུངས་དོན། རྣམ་པ་ཚོས་དེ་ལྟ་བུའི་དགོངས་པ་བཞེས་ཐུབ་པ་དང་༧གོང་ས་མཆོག་གི་བཀའ་དྲིན་གསབ་ཆེད་མེ་ཏོག་ཆུང་ཡང་ལྷ་རྫེས་ཞེས་པའི་དཔེ་ལྟར། ཐེངས་འདིའི་གཡུ་ཐོག་གཟེངས་རྟགས་ཐེངས་དང་པོ་༧གོང་ས་མཆོག་ལ་ཕུལ་བ་ནི་རྗེས་སུ་ཡི་རངས་བྱ་ཡུལ་དང་རྣམ་པ་ཚོ་ཡིན་ནའང་སྐལ་བ་བཟང་བོ་རེད་ཅེས་དང་། དེ་བཞིན་ཞིང་གཤེགས་དམ་པ་སྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་ལགས་ལ་མཚོན་ནའང་། དགྲ་བོའི་བཙན་གནོན་མནར་གཅོད་ཀྱི་དོ་དམ་བཙོན་འཇུག་འོག་གནས་པའི་སྐབས་སུའང་། བོད་སྨན་གྱི་ནུས་པའི་ཁྱད་ཆོས་དང་སྨན་པ་ཚོའི་ཐུགས་ཀྱི་བྱམས་བརྩེའི་ནུས་སྟོབས་ག་ཚོད་ཡོད་མེད་ཀྱི་དཔེ་མཚོན་སྟོན་ཐུབ་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཆགས་ཡོད་པར་བརྟེན། གཟེངས་རྟགས་ཕུལ་བ་དེ་འོས་ཤིང་འཚམ་པས་དེ་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།
དེ་མིན་ཉིན་གསུམ་རིང་བགྲོ་གླེང་གནང་སྐབས་བོད་ཀྱི་གསོ་བ་རིག་པའི་བསྟན་པ་ཇི་ལྟར་ཡར་རྒྱས་གོང་འཕེལ་དུ་གཏོང་བ་དང་། བོད་ཀྱི་གསོ་བ་རིག་པའི་ལམ་ནས་སྐྱེ་འགྲོ་སྤྱི་ལ་གང་འདྲ་བྱས་ཏེ་ཕན་ཐོགས་འདོན་པ། གསོ་བ་རིག་པའི་ལམ་ནས་བོད་ཀྱི་ཆོས་དང་རིག་གཞུང་། ལྷག་པར་དུ་གསོ་བ་རིག་པའི་ཐུན་མོང་མ་ཡིན་པའི་དགེ་མཚན་དང་དེ་འཛམ་གླིང་ནང་ཇི་ལྟར་ཁྱབ་བརྡལ་དུ་གཏོང་མིན་ཐད་བགྲོ་གླེང་དགོས་པ་གལ་ཆེན་པོ་རེད། ང་རང་ཉིད་ལྟ་བུར་མཚོན་ན་དུས་ཡུན་རིང་བོར་བོད་སྨན་ལ་བསྟེན་ཏེ་གཟུགས་པོའི་གནས་བབ་བདེ་ཐང་ཡོང་བའི་ཡིད་ཆེས་འཕེར་ཐུབ་པ་བྱུང་ཡོད། དེས་ང་དང་ང་ལྟ་བུའི་ནད་ཀྱིས་མནར་བའི་གང་ཟག་དེ་ཚོར་ཕན་ཐོགས་ཡོང་གི་ཡོད་པ་ར་འཕྲོད་ཡོད། དེ་ནི་སྨན་རྩིས་ཁང་གིས་འགྲེལ་བརྗོད་གནང་བ་ལྟར་བརྟག་དཔྱད་དང་སྨན་བཅོས་དེ་རང་ལུགས་ཐུན་མོང་མ་ཡིན་པའི་ཐོག་ནས་གནང་དགོས་པ་དང་། བརྟག་དཔྱད་དང་སྨན་བཅོས་ཀྱི་འབྲས་བུ་དེ་དེང་དུས་ཀྱི་ཚན་རིག་ལམ་ནས་རང་མགོ་ཐོན་པ་ཞིག་ཡོང་རྒྱུར་དགོངས་པ་བཞེས་དགོས་པ་མ་ཟད། ཆེས་མཐོའི་སྨན་པའི་ལྷན་ཚོགས་དང་སྨན་རྩིས་ཁང་ཐུན་མོང་ཐོག རྒྱ་གར་དང་འཛམ་གླིང་གཞན་དག་གང་ཡིན་རུང་ཚན་རིག་དང་འབྲེལ་བའི་སློབ་གཉེར་སྡེ་ཚན་ཁག་ལ་འབྲེལ་བ་གནང་སྟེ། ཉམས་ཞིབ་ཀྱི་ལམ་ནས་བོད་སྨན་གྱི་ནུས་པ་ར་སྤྲོད་ཐུབ་པའི་ཕྱོགས་ལ་ནུས་པ་འདོན་ཐུབ་ཚེ།  བོད་ཀྱི་གསོ་བ་རིག་པ་ཙམ་མ་ཡིན་པར་གཉན་ཕྲེང་གི་གནས་སུ་ཡོད་པའི་ད་ལྟའི་བོད་མི་རིགས་ལ་བྱས་རྗེས་རླབས་ཆེན་པོ་ཞིག་འཇོག་ཐུབ་ཀྱི་རེད། གང་ཡིན་ཟེར་ན་ཐུན་མོང་མ་ཡིན་པའི་བོད་ཀྱི་ཆོས་དང་རིག་གཞུང་དག་ཉམ་རྒུད་དང་ཛ་དྲག་གི་གནས་སྟངས་དེར། ང་ཚོ་ཐུན་མོང་མ་ཡིན་པའི་རིག་གཞུང་གི་གལ་ཆེས་ཤོས་ཤིག་གསོ་བ་རིག་པའི་ལམ་ནས་འཛམ་གླིང་ནང་ཞབས་འདེགས་སྒྲུབ་ཐུབ་པ་དང་ཆ་རྐྱེན་དང་ནུས་པ་ཡོད་པ་ཞིག ཚན་རིག་གི་ལམ་ནས་ཁུངས་སྐྱེལ་ཐུབ་ཀྱི་ཡོད་ན་བོད་མི་རིགས་ཀྱི་རིག་གཞུང་དང་ཁྱད་ཆོས་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་དང་ནུས་ཤུགས་ཚད་མཐོ་རུ་ཕྱིན་ཡོད་ཅེས་གསུངས་ཡོད།

བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་རྡོ་རྗེ་རབ་བརྟན་ལགས་ཀྱིས། ༡༩༦༡ ལོར་༧གོང་ས་མཆོག་གིས་བོད་གཞུང་སྨན་རྩིས་ཁང་དབུ་བཙུགས་ཏེ། བོད་ཀྱི་གསོ་བ་རིག་པའི་བསྟན་པའི་མེ་རོ་དེ་རྨང་ནས་གསོས་སྟབས། དེང་སྐབས་ལྟ་བུར་ཆ་བཞག་ན་བོད་ཀྱི་བ་གསོ་བ་རིག་པ་ཟེར་དུས། འཛམ་གླིང་ནང་གསོ་བ་རིག་པའི་ལུགས་སྲོལ་མང་ཐག་ཆོད་ཅིག་ཡོད་པའི་ནང་དུ་ཚང་མས་དགའ་མོས་བྱེད་པ་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་དག་ཅིག་འཛོམས་པའི་རིག་པའི་གཞུང་ལུགས་ཤིག་ཆགས་བསྡད་ཡོད། དེ་ནི་གཅིག་ནས་༧གོང་ས་མཆོག་གི་རླབས་ཆེན་ཐུགས་བཞེད་ཀྱི་བཀའ་དྲིན་ཡིན་པ་དང་། གཉིས་ནས་སྨན་པ་རྣམས་དང་འཛིན་སྐྱོང་གིས་སྐུ་ངལ་བསྐྱོན་པའི་དབང་གིས་རེད། དེར་བརྟེན་དེང་སྐབས་བོད་ཀྱི་སྨན་དེ་འཛམ་གླིང་སྟེང་། དངོས་གནས་དྲང་གནས་སྤོབས་པ་མཐོན་པོ་བྱེད་ཆོག་པ་ཞིག་ཆགས་ཡོད་པ་དང་། སྨན་པ་ཚོ་ཡིན་ནའང་ང་བོད་ཀྱི་སྨན་པ་ཡིན་ཟེར་དུས་ངོམ་རྒྱུ་ཡོད་པ་དང་དགའ་སྤོབས་སྐྱེ་དགོས་པ་ཞིག་ཆགས་ཡོད།
ཡིན་ནའང་། ང་ཚོ་བོད་ཀྱི་གསོ་བ་རིག་པའི་སྨན་གཞུང་དེ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འཛོམས་བསྡད་པ་ཞིག་ཡིན་ནའང་། བོད་ཀྱི་གསོ་བ་རིག་པ་ཟེར་དུས་སྨན་གྱི་ཡན་ལག་དང་ཁོ་ལག་ཆ་ཚང་འཛོམས་བསྡད་པའི་རིག་པའི་གཞུང་ལུགས་ཤིག་ཆགས་བསྡད་ཡོད་སྟབས། རིག་པའི་གཞུང་ལུགས་དེ་ང་ཚོ་རྒྱུད་འཛིན་སྨན་པ་ཚོས་གང་འདྲ་བྱས་ཏེ་དར་རྒྱས་གོང་འཕེལ་དུ་གཏོང་བ་དང་། ང་ཚོས་ད་ལྟའི་བར་དུ་ཞབས་འདེགས་ག་ཚོད་ཅིག་བྱས་ཡོད་པ་རེད། དེ་གསོ་བ་རིག་པའི་ལྟ་གྲུབ་ངོས་ནས་ཡང་དག་པ་ཞིག་གང་འདྲ་བྱས་ཏེ་ཆགས་ཡོད་པ་དང་། གསོ་བ་རིག་པའི་གཞུང་དེ་དེང་དུས་ཀྱི་སྨན་གྱི་ཚན་རིག་གི་ Medical Science རིག་པའི་གཞུང་ལུགས་འདྲ་མཉམ་ཡིན་པའི་སྨན་གྱི་གཞུང་ལུགས་གང་འདྲ་ཞིག་ཆགས་ཀྱི་ཡོད་མེད་དེ་ང་ཚོས་་གང་འདྲ་བྱས་ཏེ་སྒྲུབ་ཐུབ་ཀྱིན་འདུག ཟས་དང་སྤྱོད་ལམ་ཐོག་ནས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གང་འདྲ་བྱས་ཏེ་སྒྲུབ་ཐུབ་ཀྱི་འདུག དེ་ཤེས་དགོས་པ་གལ་ཆེན་པོ་རེད།

ཉེ་ཆར་སྨན་པའི་ལྷན་ཚོགས་ངོས་ནས་བོད་སྨན་གྱིས་འཛམ་གླིང་རྒྱལ་སྤྱིའི་མི་མང་ལ་ནད་ཚ་གང་འདྲ་ཞིག་ཡིན་རུང་ཞབས་འདེགས་ཀྱི་ནུས་པ་འདོན་ཐུབ་པ་དང་། དེ་ཡང་དེང་དུས་ཀྱི་ཚན་རིག་དང་མཐུན་པའི་ཐོག་ནས་ཞབས་འདེགས་སྒྲུབ་ཐུབ་ཀྱི་ཡོད་ཅེས་འགྲེལ་བརྗོད་བྱས་པ་དང་། དངོས་སུ་ནད་པའི་རྩར་བརྟག་དཔྱད་དང་སྨན་བཅོས་བྱས་པ་ཡིན་ལ། སྐབས་དེར་ང་ཚོས་ཟས་བཅུད་སྐོར་གྱི་སློབ་ཚན་ཁྲིད་པས་རེ་ཟུང་གི་དྲི་བ་གཏོང་གི་འདུག དཔེར་ན། ཟས་ཟེར་བ་དེ་ས་གནས་སོ་སོའི་ཟས་མི་འདྲ་བ་དང་ནུབ་ཕྱོགས་རྒྱལ་ཁབ་ལྟ་བུར་མཚོན་ན་ཡུལ་དེའི་ཐོན་ཁོངས་ལྟར་ཟས་སྣ་མི་འདྲ་བ་མང་བོ་ཡོད་པ་དང་། ཉི་ཧོང་ལྟ་བུར་མཚོན་ནའང་ཉི་ཧོང་གི་ཟས་རིགས་དེ་གཞན་དང་མི་འདྲ་བ་སྣ་ཚོགས་ཤིག་ཡོད་པ་རེད། དེ་བཞིན་དུ་ཁྱེད་ཚོ་བོད་མི་ཚོར་མཚོན་ནའང་ས་མཐོན་པོ་དང་རི་མཐོན་པོའི་སྟེང་དུ་སྡོད་མཁན་ཚོར། ཁྱོད་ཚོ་རང་ཉིད་ཀྱི་ཟས་མི་འདྲ་བ་ཡོད་སྟབས། ཁྱེད་ཚོའི་ཟས་དེ་ཉི་ཧོང་མི་མང་དང་འཛམ་གླིང་མི་མང་ལ་སློབ་སྦྱོང་སྤྲད་ན་ཏག་ཏག་འདུག་གི་རེད་དམ་ཞེས་དྲི་བ་གཏོང་གི་འདུག ཡིན་ནའང་། ཟས་དང་སྤྱོད་ལམ་དེ་ང་ཚོས་རིག་པའི་གཞུང་ལུགས་ཐོག་ནས་སྒྲུབ་སྟངས་དེ་ཡུལ་ལུང་སོ་སོ་དང་མི་རིགས་སོ་སོར་བསྒྲུབས་བཞག་པ་དེ་འདྲ་གང་ཡང་མིན་པར། དེ་དཔེ་འཇོག་ས་འབྱུང་བ་བཞི་ལ་དཔེ་བཞག་སྟེ། ལུས་ཀྱི་འབྱུང་བ་ལྔ་དང་དེ་ལ་བརྟེན་པའི་རོ་དྲུག དེ་ལ་བརྟེན་པའི་ནུས་པ་བརྒྱད། དེ་ལ་བརྟེན་པའི་ཡོན་ཏན་བཅུ་བདུན་ཟེར་དུས་དངོས་གནས་དྲང་གནས་རིག་པའི་གཞུང་ལུགས་དེད་དེ། སོ་སོ་ཉམ་ང་བ། བག་ཚ་བ་མེད་པའི་ཐོག་ནས་བསྒྲུབས་བཞག་པ་རེད་ལ། འབྱུང་བ་ལྔ་དེ་ཨ་རི་དང་ཉི་ཧོང་། བོད་མི་སོགས་མི་སུ་འདྲ་ཞིག་ཡིན་རུང་ལུས་ཀྱི་ཕུང་བོ་དེ་འབྱུང་བ་ལྔ་ལས་མ་གྲུབ་པ་ཞིག་ཡོད་པ་མ་རེད། དེ་བཞིན་རོ་དྲུག་ཟེར་དུས་ཨ་རི་དང་ཉི་ཧོང་། བོད་སོགས་ཀྱི་ཟས་ལ་རོ་མི་འདྲ་བ་དྲུག་ཡོང་སྟངས་ཡོད་པ་མ་རེད། དེར་བརྟེན་དེ་ལྟ་བུའི་རིག་པའི་གཞུང་ལུགས་ཁུངས་བཙུན་པོ། འགྲེལ་བཤད་རྒྱག་སྐབས་རྒྱག་རྒྱུ་ཡོད་པ་ཞིག་རེད་ཅེས་སོགས་བོད་ཀྱི་གསོ་བ་རིག་པའི་སྨན་གཞུང་དང་སྨན་བཅོས་ཀྱི་ཁྱད་ཆོས་དག་གསུངས་ཡོད།

ཐེངས་འདིའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་སྟེང་བོད་ཀྱི་གསོ་བ་རིག་པའི་སྨན་རྫས་ངོ་སྤྲོད། མཆིན་ནད་དུག་ཐབས་སྨན་བཅོས་ཀྱི་མྱོང་ཚོར། གཅིན་སྙིའི་ནད་གཞིར་སྨན་བཅོས་ཀྱི་མྱོང་ཚོར། ཁྱབ་ཆེ་བའི་ནད་གཞིའི་རིགས་དང་དེའི་སྔོན་འགོག བོད་ཀྱི་གསོ་བ་རིག་པ་དང་རྩོམ་རིག་གི་འབྲེལ་བའི་སྐོར་སོགས་བརྗོད་གཞི་ཁག་ཅིག་གི་ཐད་དུ་བགྲོ་གླེང་གནང་རྒྱུ་དང་། ཕྱི་ཚེས་ ༡༧ ཉིན་རྒྱུན་ལས་གསར་འདེམས་གནང་རྒྱུ་ཡིན་འདུག

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

12 thoughts on “༧གོང་ས་མཆོག་ལ་གཡུ་ཐོག་གཟེངས་རྟགས་ཕུལ་བ།

  1. དམུ་ཐག་དཀར་པོ།

    བོད་ཀྱི་སྨན་པ་ཐུན་མོང་ནས་གཡུ་ཐོག་གཟེངས་རྟགས་ཤིག་བཟོས་པ་འདྲ་ཆགས་པོ་འདུག མ་ཟད་དེ་གོང་ས་མཆོག་ཕུལ་བ་སྐད་གྲགས་ཆེན་པོ་འདུག ཡིན་ནའང་བཙན་བྱོལ་ནང་གི་སྨན་པ་དྲག་ཤོས་གྲས་སྨན་པ་རྟ་མགྲིན་ལགས་ཀྱིས་ཚོགས་ཆེན་དེའི་སྐབས་གཅིན་སྙིའི་སྐོར་དཔྱད་གཏམ་ཞིག་སྤེལ་བའི་ནང་ཡིག་ནོར་ལ་གྲངས་ཀ་མི་འདུག སྨན་པ་གྲགས་ཤིག་གིས་དག་ཆ་མི་ཤེས་པ་ཡིན་རྒྱུ་མ་རེད། ཡིན་འང་བོད་ཀྱི་སྨན་པ་འགས་བོད་ཀྱི་བརྡ་དག་སྙན་ངག་སོགས་ལ་སྣང་ཆུང་གཏོང་གི་རེད་ཟེར་བ་གོ་ཐོས་མྱོང། ཡི་གེའི་དག་ཆ་ལྟ་བུའི་གནས་ལུགས་རགས་པ་ཙམ་ཡང་མཁྱེན་རྟོགས་མི་ནུས་ན། ནང་གི་ལུས་སེམས་ཀྱི་བདེ་སྡུག་ཕྲ་མོའི་གནས་ཚུལ་གསལ་རྟོགས་ཐོག་དེའི་བཅོས་བྱེད་པ་ནི་དེ་བས་ཀྱང་ཁག་པོ་རེད།
    སྐུ་མཁྱེན་རྩོམ་ཡིག་སྤེལ་ནའང་དག་ཆ་ལ་གཟབ་རོགས་ཞབས་འདྲེན་མ་ཞུ་རོགས། དེ་འདྲ་བྱས་ནས་རང་གི་སྨན་གཞུང་དང་སྐད་ཡིག་རང་གིས་གཏོར་བཤིགས་བཏང་བ་ཡིན་པས་རྒྱ་མིའི་སྲིད་ཇུས་ལས་གནོད་ཚབས་ཆེ།

  2. ལྷག་པ་ཚེ་རིང༌།

    གཤེན་རྗེའི་མཆེ་བའི་བར་ནས་འགྲོ་བ་མི་ཡི་རིན་ཆེན་ཚེ་སྲོག་ཕྱིར་ལེན་མཁན་མི་འཇིགས་པའི་སྦྱིན་པའི་བདག་པོ་ལྷ་རྗེ་རྣམས་གུས་བཀུར་ཆེ་པོ་དང་སྦྲགས་ནས་སླར་ཡང་ཞུ་འདོད་པ་ནི།
    ང་རང་ཚོ་སོ་སྐྱེ་རྣམས་དུག་གསུམ་གྱི་གཞན་དབང་ཅན་ཡིན་པས་ཐུགས་ཁག་ཡོད་ཀྱི་མ་རེད། འོན་ཀྱང་ད་ལྟའི་རྒྱལ་ཁབ་དང་མི་རིགས་ཀྱི་ཉག་ཕྲའི་གནས་སྟངས་མཁྱེན་པའི་ཐོག་ནས་བློ་རྩེ་གཅིག་བསྒྲིམས་ཀྱིས་རང་གི་མི་རིགས་ཀྱི་སྲི་ཞུ་བསྒྲུབ་རྒྱུ་རྩ་བའི་བླ་མའི་བཀའ་དང་དུ་བླང་རྒྱུ་དེ་ཨང་དང་པོ་དང་སྒེར་གྱི་རྙེད་པ་དང༌། ཚིགས་སུ་བཅད་པ། དགྲ་འདུལ་གཉེན་སྐྱོང་གི་ཕྱག་ལས་རྣམས་ཨང་གཉིས་པར་གཞག་ན་སྤྱི་སྒེར་གཉིས་ཀའི་ཕན་བདེའི་གསོས་སུ་འགྱུར་ངེས་སེམས་སོ༎

  3. རྒྱ་གར་བ་དང་ཕྱི་རྒྱལ་བ་དེ་ཚོས་ཀྱང་བོད་པའི་ཨེམ་ཆི་ལ་ཕར་ནད་འདི་ཡོད་མ་ལབ་གོང་ནས་སྨན་པས་ཚུར་ལབ་ཀྱི་འདུག་སྐད་གྲགས་བྱེད་ཀྱི་འདུག དོན་དངོས་ཐོག་༧སྐྱབས་མགོན་ཐམས་ཅད་མཁྱེན་པའི་༧སྐུའི་མཁྲིས་རྡོ་རྙིང་པ་ཆགས་ན་ཡང་༧བླ་སྨན་ཚོས་མ་མཁྱེན་པ་རེད། ༧བླ་སྨན་ཚོས་དངོས་གནས་ཡག་པོ་གནང་རོགས། བོད་རང་བཙན་ཡོད་སྐབས་ཡིན་ན་ཁྱེད་རྣམས་རྒྱངས་འབུད་བཏང་དགོས་ཡ་རང་རེད། ༧སྐུ་གོང་མའི་༧བླ་སྨན་བྱམས་པ་ཐུབ་དབང་མཆོག་ལ་གང་བྱུང་བ་ཁྱེད་ཚོས་མཁྱེན་གྱི་ཡོད་ཀྱི་རེད།

  4. ལྷག་པ་ཚེ་རིང་ལགས་ཁྱེད་ཀྱི་གསུང་བ་དེ་དོན་ངོས་རེད།དེ་ལ་རྒྱབ་སྐྱོར་ཡོད།ང་རང་ཉིད་ཀྱི་བསམ་ཚུལ་ཡང་དེ་བཞིན་ཡིན།བགྲུབ་པར་རེ་བ་ལགས།