ཟླ་འདིའི་ཚེས་ ༩ ནས་བཟུང་བལ་ཡུལ་ཉེན་རྟོག་པ་དང་མཐའ་སྲུང་དམག་མིས་རྒྱ་གར་ནས་བལ་ཡུལ་དུ་ཡོང་མཁན་བོད་མི་ཚོ་བལ་ཡུལ་ནང་འཛུལ་ཞུགས་བྱེད་དུ་མ་བཅུག་པར་བཀག་བསྡོམས་བྱེད་ཀྱིན་ཡོད་པ་དང་། ད་ཆར་རྒྱ་བལ་ས་མཚམས་སུ་བོད་མི་བརྒྱ་ལ་ཉེ་བ་ཞིག་བཀག་བསྡོམས་འོག་གནས་ཡོད་འདུག བལ་ཡུལ་ས་མཚམས་གྱི་མཐའ་སྲུང་བ་དང་ཉེན་རྟོག་པས་བཤད་པ་ལྟར་ན། དེ་ནི་གསུམ་བཅུའི་དུས་དྲན་རིང་བལ་ཡུལ་ནང་ལས་འགུལ་འདྲ་མིན་སྤེལ་འཆར་ཡོད་པའི་དོགས་གཞིའི་འོག ཐེངས་འདིར་གོང་རིམ་ནས་བཀའ་རྒྱ་བཏང་བ་ལྟར། རྒྱ་གར་ནས་བལ་ཡུལ་ནང་འཛུལ་མཁན་བོད་མི་ཚོ་བཀག་བསྡོམས་བྱས་པ་ཞིག་ཡིན་ཚུལ་བརྗོད་འདུག ད་ཆར་ས་མཚམས་སུ་ལྷག་ཡོད་པའི་བོད་མིའི་ཁོངས་སུ་བོད་ནས་རྒྱ་གར་ལ་གནས་སྐོར་དང་གཉེན་འཕྲད་དུ་ཕེབས་པ་མང་པོ་ཞིག་ཡོད་ཅིང་། དེ་དག་ས་མཚམས་སུ་ལྷག་སྟེ་ཉིན་གྲངས་ཁ་ཤས་ཕྱིན་ཡོད་སྟབས། གནམ་གཤིས་དང་ཟས་གོས་སོགས་གྱི་བཀའ་ངལ་དང་། ལོ་ན་བགྲེས་པ་མང་པོ་ཞིག་ལ་གཟུགས་གཞི་བདེ་མིན་གྱི་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་ཡོད་འདུག ད་ལྟ་བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་འབྲེལ་ཡོད་ལས་བྱེད་ཁག་ཅིག་ས་མཚམས་སུ་བཅར་ཏེ། བོད་མི་དེ་དག་ལ་རོགས་རམ་གྱི་ཐབས་ལམ་འཚོལ་བཞིན་ཡོད་ན་ཡང་། ཉེན་རྟོག་པས་བརྗོད་པ་ལྟར་ན། བོད་མི་ལག་འཁྱེར་ཚད་ལྡན་མེད་རིགས་བལ་ཡུལ་རྒྱལ་ནང་དུ་འཛུལ་ཞུགས་ཐད་མུ་མཐུད་བཀག་བསྡོམས་བྱ་རྒྱུ་ཡིན་སྐོར་བརྗོད་འདུག
གོང་གི་གནས་ཚུལ་དེ་འདི་ག་དུས་བབ་ཟིན་བྲིས་ཚན་པའི་ཀླུ་ལགས་ཀྱི་ཟིན་ཐོ་ལས་བཤུས།