རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་མི་སྣ་ཞིག་གིས་ཧོང་ཀོང་གི་གསར་ལམ་ཁག་ཏུ་གནས་ཚུལ་ཕྱིར་བསྒྲགས་བྱས་པ་ལྟར་ན། སྲིད་བློན་ཝུན་ཇ་པའོ་ལ་གོ་ཐོབ་མིང་གྲགས་ཆེ་ནའང་། དོན་གྱིས་ད་ལྟ་དབང་དང་ནུས་པ་ཆེན་པོ་མེད། གནས་ཚུལ་ཕྱིར་བསྒྲགས་མཁན་གྱི་སྐད་ཆ་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནང་དུ་ད་ལྟ་སྲིད་བློན་ཝུན་གྱི་སྐད་ཆར་ཉན་མཁན་ཡོད་མ་རེད་ཅེས་བརྗོད་ཡོད་འདུག སྲིད་བློན་བརྗེ་བསོར་ལ་ད་དུང་ལོ་ ༣ གྱི་དུས་ཡུན་ཡོད་ནའང་། ད་ལྟ་ནས་གོ་གནས་ཉམས་ཆགས་སུ་འགྱུར་མགོ་ཚུགས་ཡོད་པ་རེད། མིང་ཐོབ་ཀྱི་ཐད་ནས་འདས་པའི་ལོ་ངོ་ ༢༠ ནང་དུ་གོ་མིང་ཆེས་མཐོ་བའི་སྲིད་བློན་གཅིག་པུ་དེ་ཆགས་ཡོད་པ་རེད། རྒྱ་ནག་གི་དབུས་ནོར་སྲིད་དཔལ་འབྱོར་གྱི་ཚོགས་གཙོ་དང་། རྒྱལ་ཡོངས་དཔལ་འབྱོར་གྱི་སྤྱི་འདོམས་པ། དེ་མིན་དབུས་ཀྱི་རྩ་འཛུགས་གང་མང་ཞིག་གི་ཚོགས་གཙོའི་གོ་མིང་ཡོད་པར་མ་ཟད། ཉེ་སྔོན་རྒྱལ་ཁབ་ཀྱི་ཐོན་ཁུངས་བདག་གཉེར་ལྷན་ཚོགས་ཀྱི་དྲུང་ཆེ་ཡི་མིང་ཡང་བཏགས་ཡོད་པ་རེད། དོན་གྱིས་དབང་ཆ་ཡོད་ཚད་སྲིད་བློན་གཞོན་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གཞན་དག་གིས་བཟུང་ཡོད་པ་རེད། ལི་ཁི་ཆིང་གིས་མ་འོངས་རྒྱུན་འཛིན་པའི་རྣམ་འགྱུར་གྱི་ཐོག་ནས་དཔལ་འབྱོར་སྒྲིག་གཞི་སྙོམས་སྒྲིག་དང་འཕྲོད་བསྟེན་ལམ་ལུགས་བསྒྱུར་བཅོས་སོགས་གནད་ཡོད་ཀྱི་དབང་ཤུགས་བཟུང་ཡོད་པ་དང་། སྲིད་བློན་གཞོན་པ་ཝང་ཀྲི་ཧྲན་གྱིས་ཀྱང་སྐབས་བཅོ་བརྒྱད་པའི་ཆབ་སྲིད་རྒྱུན་ལས་ཀྱི་གླེང་གཞི་ཅན་གྱི་འོས་མིའི་རྣམ་པའི་ཐོག་ནས་འཁོར་རྒྱུགས་དངུལ་རྩ་དང་། ཨ་རྒྱ་གཉིས་ཀྱི་ཕྱི་འབྲེལ་བཟོ་ཚོང་དཔལ་འབྱོར་གྱི་གཙོ་འགན་ཁུར་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ལིག་ཐེན་ཏུང་གིས་སློབ་གསོ་བསྒྱུར་བཅོས་ཐད་ཀྱི་ལས་འགན་དང་། རྒྱ་ནག་དབུས་ཀང་ཨོ་གྲོས་འདུན་ཚོགས་ཆུང་གི་ཚོགས་གཞོན་གྱི་མིང་ཐོག་ནས་ཧོང་ཀོང་དང་ཨོ་མན་ལས་དོན་གྱི་གཙོ་འགན་ཁུར་ཡོད། བཟོ་ཚོང་འགྲིམ་འགྲུལ་དང་ཞིང་ལས་ཀྱི་འགན་ཀྲང་ཏིག་ཅང་དང་ཧའེ་ལིང་ཡུས་གཉིས་ཀྱིས་སོ་སོར་གཙོ་འགན་ཁུར་ཡོད་པ་རེད། ཝུན་ཅ་པའོ་ཡིས་སྤྱི་ཁྱབ་ཀྱི་གོ་མིང་བཟུང་ཡོད་ནའང་ཐད་ཀར་སྟངས་འཛིན་གྱི་ནུས་པ་མེད་པར་གྱུར་ཡོད། དེ་བཞིན་ཝུན་ཅ་པའོ་ཡི་ཆུང་མ་དང་བུ་ཕྲུག་དག་གི་ངན་ཕྱོགས་ཀྱི་གནས་ཚུལ་རེ་འགའ་ཡང་གསར་ལམ་ཁག་ཏུ་འཐོན་བཞིན་ཡོད་པ་རེད།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།