ལྷག་དཀར་དམ་བཅའ།

ལྷག་དཀར་དམ་བཅའ།

༡༽ ལས་གཞི་འདིའི་ངོ་བོ།
ལྷག་དཀར་དམ་བཅའ། ཞེས་བའི་ལས་གཞི་ཆུང་ཆུང་འདི་ནི་བོད་ཕྱི་ནང་གཉིས་ནས་མ་སྐུལ་དང་བླང་གིས་བྱུང་བའི་། ང་བོད་ཡིན། ཞེས་པའི་སྒྲུབ་བྱེད་ལས་འཕྲོས་བའི་ཉིན་རེ་འཚོ་བའི་ནང་དུ་རང་ཉིད་བོད་རིགས་གཙང་མ་ཞིག་ཡིན་པའི་དྲན་ཐོ་ལྟ་བུ་ཡིན་ལ། ལས་འཆར་ཆུང་ཆུང་འདི་རྒྱུད་ནས། ད་ལྟའི་ཆར་རང་ཉིད་ལ་བོད་མིའི་ངོ་བོ་དང་ཁྱད་ཆོས་གང་ཡོད་པ་། ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་བཏང་ནས་རང་གི་མི་རབས་ཚ་རྒྱུད་དང་བཅས་པའི་བོད་གངས་ཅན་པའི་ངོ་བོ་སྐལ་བའི་བར་ཏུ་སྐྱོང་བའི་ཐབས་ལམ། ལས་སླ་དོན་ལྡན་ཞིག་ཡིན།
༢༽ རེ་བ།
གཞིས་ལུས་རྒྱ་ཆེ་མི་དམངས་ཀྱི་རེ་འདུན་དྲག་པོ་ལྟར་དུ།  ཕྱི་རྒྱལ་ཁག་ན་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་དང་རྒྱ་ནང་ཁག་ན་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ལ་ནད་བརྒྱ་སྨན་གཅིག་ཏུ་དགོངས་ནས་ལྷག་དཀར་གྱི་ལས་གཞི་འདི་དབུ་བརྙེས་བ་ཡིན་ལ། བོད་མི་སྤུན་ཟླ་གང་མང་ལས་འཆར་འདིའི་ནང་དང་བླང་གིས་འཛུལ་ཞུགས་གནང་རྒྱུ་དང་། གཞུང་སྒེར་གཉིས་ཕན་གྱི་དམ་བཅའ་བདུན་ཡོངས་སུ་སྲུང་བའམ། ཡང་ན་སྣ་གཅིག་ཙམ་ཡིན་ཡང་གཙིགས་སུ་བཟུང་ནས་དང་ལེན་བྱེད་རྒྱུར། པུས་མོའི་ལྷ་ང་ས་ལ་བཙུགས་ནས་ལག་ཟུང་གི་ཐལ་མོ་སྙིང་ཁར་སྦྱར་ཏེ་རེ་འདུན་གྲང་མེད་བྱེད་ཀྱིན་ཡོད།
ལྷག་དཀར་དམ་བཅའ་ཁག
    •    ང་བོད་ཡིན། དེ་རིང་ནས་བཟུང་ངེད་གྱི་མི་ཚང་ནང་བོད་སྐད་གཙང་མ་བཤད་རྒྱུ་ཡིན།
    •    ང་བོད་ཡིན། དེ་རིང་ནས་བཟུང་ང་རང་བོད་མི་དང་འཕྲད་སྐབས་བོད་སྐད་གཙང་མ་བཤད་རྒྱུ་ཡིན།
    •    ང་བོད་ཡིན། དེ་རིང་ནས་བཟུང་མ་ཤི་བར་དུ་རང་ཉིད་བོད་མི་ཞིག་ཡིན་པ་ཉིན་རེར་དྲན་པ་བྱེད་ རྒྱུ་ཡིན།
    •    ང་བོད་ཡིན། དེ་རིང་ནས་གཟའ་ལྷག་པའི་ཉིན་བོད་ལ་གོན་ནས་འགྲོ་རྒྱུ་ཡིན།
    •    ང་བོད་ཡིན། དེ་རིང་ནས་བཟུང་གཟའ་ལྷག་པའི་ཉིན་བོད་སྐད་བཤད་རྒྱུ་ཡིན།
    •    ང་བོད་ཡིན། དེ་རིང་ནས་བཟུང་ངའི་བོད་ཡིག་སྦྱང་རྒྱུ་ཡིན།
    •    ང་བོད་ཡིན། དེ་རིང་ནས་བཟུང་བོད་པར་བཏང་པའི་འཕྲིན་ཡིག་དང་ཁ་པར་གང་ཡིན་ཡང་བོད་སྐད་དང་བོད་ཡིག་བེད་སྤྱད་བྱེད་རྒྱུ་ཡིན།

ལྷག་དཀར་ནས།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

22 thoughts on “ལྷག་དཀར་དམ་བཅའ།

  1. དེ་ལས་ཀྱང་ཡིད་སྐྱོ་བ་ཞིག་ལ་འུ་ཚོ་སུ་ཞིག་ཡིན་ནའང་། གཞན་གྱིས་བྱ་བ་ཆེ་ཆུང་ཅི་ཞིག་བསྒྲུབས་དང་སྒྲུབ་བཞིན་ཡོད་ན། དེ་ལ་དམའ་འབེབ་དང་ཟུར་ཟ་ཕྲག་དོག་སོགས་རུལ་སུངས་ཀྱི་བྱ་སྤྱོད་སྐྱུག་བྲོ་བོ་དག་འུ་ཅག་གི་ཀླད་པའི་ཟ་དང་ཟུར་ཀུན་ལ་སྦྲང་ནག་གི་ཁྱུ་བཞིན་ལྡིང་སྐོར་བྱེད་ཀྱིན་པ་འདི་མ་ཡིན་ནམ།

  2. རྒྱ་རྡེའུའི་དགེ་འདུན།

    ལྷག་དཀར་དམ་བཅའ་འདི་དག་ང་ཚོ་བོད་མི་མི་རེ་ངོ་རེའི་གཞི་རྩའི་ལས་འགན་གཡོལ་མེད་ཅིག་ཏུ་སེམས། འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་ལྷག་དཀར་དམ་བཅའ་བས་ཀྱང་ད་ལྟའི་ང་ཚོའི་སྐུ་ངོ་ཚོ་དང་དབང་གྲགས་ཅན་འགའ་ཤས་ཀྱི་སྤྱོད་ཚུལ་ལྟར་རང་གིས་དམ་བཅའ་ཙམ་ལས་ཁོས་དབང་སྒྱུར་ཐུབ་པའི་ནུས་པའི་ཁྱབ་ཁུངས་སུ་ཡོད་པའི་རང་ཉིད་ཀྱི་ཤ་ཆད་བུ་ཕྲུག་རྣམས་དང་། ནང་མི་ཉེ་འབྲེལ་སོགས་ཀྱིས་དེ་ལྟར་བྱེད་པའི་དམ་བཅའ་ཕར་ཞོགས་མཐའ་ན་འབོད་བསྐུལ་བྱེད་པའི་དམ་བཅའི་ཚིག་ཟིར་ཙམ་ཡང་མི་འདུག་པ་འདི་ད་ལྟའི་སྐུ་ངོ་འགའ་ཤས་ཀྱི་སྤྱོད་ཚུལ་ལས་མ་འདས་བ་ཞིག་ཏུ་སེམས་སོ།།

  3. ང་བོད་ཡིན། དེ་རིང་ནས་བཟུང་རང་སྐད་གཙང་མ་བཤད་སའི་ཁོར་ཡུག་ཅིག་ལ་འབད་རྒྱུ། ང་བོད་ཡིན། དེ་རིང་ནས་བཟུང་ཐ་སྙད་གསར་བའི་དེབ་ཆུང་བློ་འཛིན་ཨེ་ནུས་བལྟ། ང་བོད་ཡིན། དེ་རིང་ནས་བཟུང་གཞན་གྱིས་སྦྲགས་སྐད་བཤད་པར་ཟུར་ཟ་བྱ་རྒྱུ་ཡིན། ང་བོད་ཡིན། དེ་རིང་ནས་བཟུང་རང་རིགས་ལ་གཅེས་སྐྱོང་ཨེ་ཐུབ་བལྟ་རྒྱུ། དྲ་གྲོགས་ཚོ། འུ་ཚོ་ཚང་མ་བོད་ཡིན། དེ་རིང་ནས་བཟུང་ང་ཚོས་ཅི་ཞིག་བྱ་ཐུབ་བམ།

  4. གངས་ཁྲོད་ཀྱི་བྱིས་པ།

    ཁ་བའི་འོད་མདངས། ལགས། ཁྱེད་ཀྱི་ དེ་ཡང་དང་པོ་སོ་སོའི་ངོས་ནས་གོམ་པ་སྤོ་དགོས་པ་ནི་ཤིན་ཏུ་གལ་ཆེ། ཞེས་པ་དེ་སུ་ཞིག་ལ་ལབ་ཀྱི་ཡོད་དམ། ངེད་གངས་ཅན་པའི་ཕ་སྐད་གཙང་མ་ཞིག་དང་ཕ་ས་བུ་བརྒྱུད་བསྙེགས་རྒྱུ་དེ་ནི་གངས་ཅན་པའི་ལས་འགན་ཞིག་རེད་མ་གཏོགས་བོད་མི་བྱེ་བྲག་པ་ཞིག་ལ་དབང་བ་མིན། ལྷག་དཀར་དམ་བཅའི་རེ་སྨོན་ཞིག་དང་དྲན་གསོ་གནང་བ་དེ་ངས་རྗེས་སུ་ཡིད་རུང་དང་དེ་རིང་ནས་བཟུང་ངས་བོད་སྐད་གཙང་མ་ཞིག་ལ་བསྐྱོད་རྒྱུ་ཡིན། ངས་དེ་རིང་བོད་པ་ཞིག་འཕྲད་དུས་བོད་སྐད་གཙང་མ་ཞིག་བཤད་རྒྱུ་ཡིན།