རྒྱ་ནག་གིས་བོད་རིགས་འབྲོག་པ་ཚོ་རྒྱ་གར་གྱི་ལ་དྭགས་ས་ཁུལ་ལ་དེད་ཡོང་གི་འདུག་ཅེས་རྒྱ་གར་གྱི་སྲིད་དོན་ཚོགས་པའི་ལྟ་སྐོར་ཚོགས་ཆུང་ཞིག་གིས་སྙན་ཐོ་བཏོན་འདུག
ཕྱི་ཚེས་ ༤ ཉིན་ PTI རྒྱ་གར་གྱི་ཡིད་ཆེས་གསར་འགྱུར་གྱིས་གནས་ཚུལ་སྤེལ་དོན། རྒྱ་གར་གྱི་བྷེ་ཇེ་པེ་ཚོགས་པའི་ལྟ་སྐོར་ཚོགས་པ་ཞིག་གིས་གོང་ཚེས་ཉིན་ལ་དྭགས་ཀྱི་ལྷོ་ཤར་མཐའ་མཚམས་སུ་ལྟ་སྐོར་བྱས་ཡོད་པ་དང་། སྐབས་དེར་ཁོང་ཚོས་རྒྱ་ནག་གཞུང་གིས་ལ་དྭགས་ས་ཁུལ་ཧམ་འཛིན་བྱ་ཆེད་དུ། བོད་ཀྱི་འབྲོག་པ་ཚོ་ཚུར་ལ་དྭགས་ཀྱི་ཕྱོགས་སུ་ཕྱུགས་འཚོ་བར་འདེད་ཀྱིན་ཡོད་པ་དང་། འདི་ནི་རྒྱ་ནག་གིས་ས་ཆ་མཐོ་མཇལ་གྱི་སྒོ་ནས་ཟ་སྟངས་ཀྱི་བྱུས་རེད་ཅེས་བརྗོད་ཡོད་པ་མ་ཟད། རྒྱ་གར་གཞུང་གིས་ས་ཆ་དེ་དག་ཡུལ་སྐོར་སྤྲོ་འཆམ་གྱི་བསྟི་གནས་སུ་བསྒྱུར་ཏེ་རྒྱ་ནག་གི་ཧམ་ཟ་འགོག་དགོས་པར་འབོད་སྐུལ་ཞུས་འདུག
ང་ཚོ་ས་ཆ་འདིར་རྒྱ་ནག་གི་སུམ་འཛུལ་གྱི་གནས་སྟངས་གང་འདྲ་ཡིན་མིན་ལ་རྟོག་ཞིབ་བྱེད་པར་ཡོང་བ་ཡིན། འོན་ཀྱང་ང་ཚོས་ཤེས་རྟོགས་བྱུང་བ་ནི་ཧང་སངས་པའི་གནས་ཚུལ་ཞིག་རེད་ཅེས་མི་སྣ་ལྔ་ཡིས་གྲུབ་པའི་ཚོགས་ཆུང་དེའི་མགྲིན་ཚབ་པ་ རཱ་ཇེ་ཧྥུ་ པུ་ར་ཊབ་ རུ་ཌེ་ ཡིས་བཤད་ཡོད་པ་རེད། ཁོང་ཚོས་གླེ་རྒྱལ་ས་ནས་ཀི་ལོ་མི་ཊར་ ༣༠༠ སར་ཡོད་པའི་ལ་དྭགས་ཀྱི་མཐའ་མཚམས་ས་ཁུལ་བདེ་མཆོག་དང་ངོ་མ་ཞེས་པ་གཉིས་སུ་ལྟ་སྐོར་བྱས་ཡོད་པ་རེད།
འདི་ནི་རྒྱལ་ཁབ་རིམ་པའི་ལྟ་སྐོར་ཚོགས་ཆུང་ཞིག་གིས་མཐའ་མཚམས་ས་ཁུལ་དེར་ལྟ་སྐོར་བྱས་པ་ཐོག་མ་དེ་ཆགས་ཡོད་པ་དང་། ཚོགས་ཆུང་དེའི་ནང་དུ་ཨུ་ཊུ་ར་ཁན་ཌུ་མངའ་སྡེའི་བློན་ཆེན་ཟུར་པ་ བྷ་གྷ་ཌུ་ སིན་ ཀོ་ཞི་ཡ་རི་དང་། ཇམ་མུ་ཀ་ཤི་སྨིར་མངའ་སྡེའི་བློན་ཆེན་ཟུར་པ་ ནིར་མོལ་ སིན་ བཅས་ཡོད་འདུག