ཨོ་སི་ཊི་ལི་ཡའི་ནང་བོད་སྐད་ཀྱི་རླུང་འཕྲིན་ཁང་ཞིག་གསར་འཛུགས་གནང་སྟེ་བོད་མིའི་བསམ་ཚུལ་དང་མངོན་འདོད་བརྗོད་སའི་སྡིངས་ཆ་གསར་བ་ཞིག་བསྐྲུན་ཡོད་ཟེར།
འདས་པའི་མི་ལོ་ལྔ་བཅུའི་རིང་བོད་མི་ཚོ་འཛམ་གླིང་ཡུལ་གྲུ་གང་སར་སྐྱབས་བཅོལ་ཏུ་ཕེབས་ཡོད་པ་ལྟར། ཨོ་སི་ཊི་ལི་ཡའི་ནང་བོད་མི་སྐྱབས་བཅོལ་བ་མང་པོ་ཞིག་ཡོང་ཡོད་པ་དང་། ལོ་རེ་བཞིན་ཨོ་སི་ཊི་ལི་ཡ་གཞུང་གི་རོགས་སྐྱོར་འོག་ཆབ་སྲིད་བཙོན་ཟུར་བརྒྱ་རེ་མུ་མཐུད་ལེན་གི་ཡོད་སྟབས། ཡུལ་དེ་ནི་བོད་པ་སྐྱབས་བཅོལ་བ་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཆགས་ཡོད་པ་རེད། ཉེ་ཆར་ཨོ་སི་ཊི་ལི་ཡའི་རྒྱལ་ས་སེ་ཌེ་ནེ་རུ་རྟེན་གཞི་བྱས་པའི་ས་གནས་འཕྲོད་བསྟེན་ཞབས་ཞུ་བསྟི་གནས་ཁང་དང་འབྲེལ་ཡོད་བོད་ཀྱི་ལས་ཁུངས་གསུམ་གྱི་སྣེ་འཁྲིད་འོག་ས་གནས་བོད་ཀྱི་རླུང་འཕྲིན་ཁང་ཞིག་གསར་འཛུགས་གནང་ཡོད་འདུག རླུང་འཕྲིན་ཁང་འདི་གསར་འཛུགས་ཀྱི་དམིགས་ཡུལ་གཙོ་བོ་ནི། ཨོ་སི་ཊི་ལི་ཡར་གནས་སྡོད་བཙན་བྱོལ་བོད་མི་ཚོས་རྒྱབ་ཁབ་དེ་ཉིད་ཀྱི་ཁྲིམས་དང་སྒྲིག་གཞི། འཕྲོད་བསྟེན། ཁོར་ཡུག་གི་གནས་སྟངས། སྤྱི་ཚོགས་ཀྱི་ལམ་སྲོལ་སོགས་བོད་སྐད་ཀྱི་ལམ་ནས་མི་མང་ལ་ཤེས་རྟོགས་བྱ་ཆེད་དང་། དེ་བཞིན་རླུང་འཕྲིན་བརྒྱུད་མི་མང་གི་བསམ་ཚུལ་དང་མངོན་འདོད་སོགས་བརྗོད་སའི་སྡིངས་ཆ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་པ་རེད།
ད་ལྟའི་ཆར་ལས་བྱེད་མི་སྣ་ཡོངས་དང་བླངས་ཀྱི་ཐོག་ནས་སྤྱི་ཚོགས་ཞབས་ཞུ་སྒྲུབ་མཁན་ཡིན་འདུག་ལ། རླུང་འཕྲིན་མཁོ་གཏོང་གི་ཡུལ་གྲུ་གཙོ་བོ་རྒྱལ་ས་སེ་ཌེ་ནེ་ཉེ་འཁོར་གྱི་བོད་རིགས་ཚོ་ཡིན་འདུག་ལ། བདུན་ཕྲག་རེའི་རེས་གཟའ་ཕུར་བུའི་ཕྱི་དྲོའི་ཆུ་ཚོད ༤ ནས་ཆུ་ཚོད་ ༤ དང་ཕྱེད་ཀ་དང་། རེས་གཟའ་ཉི་མ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད ༤ དང་ཕྱེད་ཀ་ནས་ཆུ་ཚོད་ ༥ བར་བོད་ཀྱི་དྲ་གནས་སུ་བཀོད་ཟིན་པའི་བོད་དོན་དང་འབྲེལ་བའི་གསར་འགྱུར་དང་འབྲེལ་ཨོ་སི་ཊི་ལི་ཡའི་ནང་གི་བོད་མིའི་འཚོ་བའི་གནས་སྟངས་དང་ཆོས་དང་རིག་གཞུང་ངོ་སྤྲོད་སོགས་ཀྱི་ལེ་ཚན་གོ་སྒྲིག་བྱས་ཏེ་རྒྱང་སྲིང་བྱ་འཆར་ཡོད་པ་རེད།