རྒྱ་དཀར་ནག་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་རྒན་ ༦༠ འཁོར་བ་བསྟུན། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ ཨེ་སི་ ཨེམ་ ཀིར་ཤི་ན་ མཆོག་མཐོ་རིམ་གཟིགས་སྐོར་ཚོགས་པ་ཞིག་དང་མཉམ་དུ་ཕྱི་ཚེས་ ༥ དགོང་མོ་པེ་ཅིན་དུ་ཉིན་ ༤ རིང་གི་གཞུང་འབྲེལ་གཟིགས་སྐོར་ལ་འབྱོར་ཡོད་པ་དང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་གཙོ་འཛིན་གཞོན་པ་ སུན་ཝེ་ཏོང་གིས་པེ་ཅིན་གྱི་གནམ་ཐང་ནས་དགའ་བསུ་ཞུས་ཡོད་པ་རེད།
ཀིར་ཤི་ན་མཆོག་གིས་ཐེངས་འདིའི་གཟིགས་སྐོར་ནི་གནད་དོན་གཙོ་བོ་གསུམ་གྱི་སྐོར་ཡིན་ལ། དེ་དག་ནི་ཀ་ཤི་སྨིར་རྣམས་ཀྱི་ཐོངས་མཆན་དང་། པཱ་ཀི་སི་ཐན་འོག་གི་ཀ་ཤི་སྨིར་ས་ཁུལ་དུ་ཁྲིམས་འགལ་གྱི་ལས་དོན་སྤེལ་བཞིན་པ། དེ་བཞིན་རྒྱ་ནག་གི་ལས་འཚོལ་བ་རྣམས་ལ་ལས་འཚོལ་གྱི་ཆོག་མཆན་སྤྲོད་རྒྱུ་ཡིན་ཅེས་གསུངས་འདུག
ཁོང་གི་གཟིགས་སྐོར་ཀིར་ཤི་ན་མཆོག་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡང་ཅ་ཁྲི་ལ་ཐུག་འཕྲད་དང་། པེ་ཅིན་དུ་འཚོགས་བཞིན་པའི་རྒྱ་གར་དུས་སྟོན་གྱི་སྟེང་ལ་ཞུགས་རྒྱུ་རེད།
ཁོང་གི་གཞུང་འབྲེལ་མཛད་རིམ་ཁྲོད་ཀྱི་གཅིག་ནི་ཕྱི་ཚེས་ ༦ ཉིན་པེ་ཅིན་དུ་ཡོད་པའི་རྒྱལ་སྤྱིའི་ཞིབ་འཇུག་སློབ་གླིང་དུ། དུས་རབས་ ༢༡ པའི་ནང་གི་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་ཞེས་པའི་བརྗོད་གཞིའི་སྟེང་གཏམ་བཤད་གནང་རྒྱུ་དེ་ཡིན་འདུག
ཁོང་གིས་གནམ་ཐང་ནས་གསར་འགོད་པ་རྣམས་ལ་བཤད་དོན། ད་རེབ་ཀྱི་གཟིགས་སྐོར་འདི་ནི་འབྲེལ་བ་སྔར་ལས་ཇེ་དོམ་དུ་གཏོང་བ་དང་། དེ་བཞིན་ད་ལོ་ནི་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་མགོ་བཙུགས་པ་ནས་ལོ་ ༦༠ ཐམ་པ་འཁོར་བའི་དུས་དྲན་ཡིན་སྟབས། འདི་ནི་དུས་སྟོན་ཞིག་གི་མིང་རེད། དེར་བརྟེན་ཕྱོགས་གཉིས་ཀས་རྒྱལ་ཁབ་གཉིས་ཀྱི་རིག་གཞུང་དང་འབྲེལ་བའི་དུས་སྟོན་གྲ་རྒྱས་པོ་ཞིག་འཚོགས་རྒྱུའི་མོས་མཐུན་བྱུང་ཡོད་པ་རེད།
ཉེ་དུས་ཀྱི་ཚོང་དོན་འབྲེལ་བ་དང་ཁོ་པེན་ཧ་གྷན་གྱི་གནམ་གཤིས་འགྱུར་ལྡོག་གི་ཚོགས་འདུའི་སྟེང་ནས་རྒྱ་དཀར་ནག་གཉིས་མཐའ་མཚམས་ཀྱི་རྩོད་གཞིའི་སྟེང་ནས་ཕྱིར་མཐུན་ཕྱོགས་སུ་བསླེབས་ཡོད་ལ། ཀིར་ཤི་ན་མཆོག་ཀྱང་དུས་སྐབས་འདི་འདྲ་ཞིག་ལ་པེ་ཅིན་དུ་ཕྱིན་ཡོད་པ་རེད།