ཀྲུང་གོའི་རྒྱལ་ཁབ་ལ་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་ཡོད་དང་མེད་ལ་ཁྱད་པར་སྤུ་ཙམ་མེད་ཟེར།
ཕྱི་ཚེས་༦ ཉིན་རྨ་ཆུ་རྫོང་ཉེན་རྟོག་པས་རྫོང་བོད་རིགས་སློབ་འབྲིང་གི་སློབ་མ་དངུལ་རྭ་རུ་གསར་སྡེ་བའི་དབང་ཕྱུག་ཚང་གི་ཚེ་རིང་དོན་འགྲུབ་དང༌། མུ་རུ་སྔགས་སྐོར་སྡེ་བའི་རྟམ་བྷོ་ཚང་གི་ཐུབ་ཉིའམ་ཐུབ་བསྟན་ཉི་མ་གཉིས་ ༢༠༡༠ ཟླ་ ༣ ཚེས་ ༡༤ ཉིན་གྱི་སློབ་ཕྲུག་གི་ཞི་བའི་ངོ་རྒོལ་བྱེད་མཁན་གྱི་གཙོ་བོར་ཉེས་འཛུགས་འོག་སློབ་གྲྭ་ནས་ཕྱིར་འབུད་ཐོག་འཛིན་བཟུང་གིས་རྨ་ཆུ་རྫོང་བཀག་ཉར་ཁང་དུ་བཙོན་འཇུག་བྱས་ཡོད་འདུག ད་ལྟའི་ཆར་སློབ་གྲྭ་དྲག་དམག་གིས་ཡོངས་སུ་བསྐོར་ཏེ་འགྲོ་བསྐྱོད་ལ་བཀག་བསྡོམས་དང༌། སློབ་གྲྭའི་སྒོ་རའི་ནང་དུའང་ལས་བྱེད་དཀྱུས་མའི་ཆས་གོས་གྱོན་པའི་བདེ་འཇགས་མི་སྣ་དང་ཉེན་རྟོག་པས་སྐོར་གཡེང་དམ་དྲག་བྱེད་བཞིན་ཡོད་འདུག སློབ་ཕྲུག་རྣམས་སློབ་གྲྭའི་འཛིན་ཁང་དང་ཉལ་ཁང་ནང་བཙན་འཇུག་གིས་སྔ་དགོང་ཉིན་གསུམ་གྱི་ཁ་ལག་སྐབས་ལའང་སྡོད་ཁང་དང་ཉལ་ཁང་ནས་ཕྱིར་ཐོན་མ་བཅུག་པར་དམ་གཅུན་དང་མནར་གཅོད་གཏོང་བཞིན་ཡོད་འདུག ཆབ་སྲིད་དང་ཁྲིམས་ལུགས་ཀྱི་སློབ་གསོ་སྤྲོད་མཁན་ཚོས་སློབ་ཕྲུག་ཚོར་བརྫོད་ན། ཁྱོད་ཚོས་ཏང་དང་རྒྱལ་ཁབ་ཀྱི་སློབ་སྟོན་ལ་ཉན་འཇོག་མ་བྱས་ཚེ་ང་ཚོར་གོང་རིམ་གྱི་བཀའ་འཁྲོལ་ཡོད་པས་ཁྱོད་ཚོ་བཙོན་འཇུག་བྱེད་ཆོག་ལ་སྲོག་ཐོག་གཏོང་དགོས་ཀྱང་ལག་བསྟར་བྱེད་ཀྱི་ཡིན་ཚུལ་དང༌། དེ་བཞིན་ཀྲུང་གོ་རྒྱལ་ཁབ་ལ་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་ཡོད་དང་མེད་ལ་ཁྱད་པར་སྤུ་ཙམ་མེད་པས་མུ་མཐུད་རྒྱལ་ཁབ་ཀྱི་གཅིག་གྱུར་དང་བརྟན་ལྷིང་ལ་གཏོར་བཤིག་གཏོང་བའི་ལས་འགུལ་སྤེལ་ཚེ་སློབ་གྲྭའང་གཏན་དུ་སྒོ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག
སློབ་ཕྲུག་ཚོས་ཀྱང་ང་ཚོ་བཙོན་འཇུག་དང་སྲོག་ཐོག སློབ་གྲྭ་སྒོ་རྒྱག་མིན་ཁྱོད་ཚོའི་གང་འདོད་གྱིས། ང་ཚོ་ག་དུས་ཕྱི་ལོགས་སུ་ཐོན་ན་དེ་ཉིན་བོད་གངས་ཅན་གྱི་གཞོན་རབས་པའི་སྙིང་སྟོབས་དང་སྤོབས་པ་ག་འདྲ་ཡོད་མིན་ཁྱོད་ཚོར་སྟོན་ངེས་ཡིན་པའི་ཐ་ཚིག་ཀྱང་བསྒྲགས་ཡོད་འདུག
དེང་གི་ཆར་རྨ་ཆུ་རྫོང་ཁོངས་ཀྱི་ཤང་དང་དགོན་པ་ཁག་ཏུ་དམག་མི་དང་ལས་དོན་རུ་ཁག་ཆེད་གཏོང་གིས་དམ་དྲག་བཙུར་གནོན་བྱེད་བཞིན་ཡོད་པ་དང༌། དམིགས་བསལ་དགོན་པ་ཁག་ཏུ་ལས་དོན་རུ་ཁག་ཟེར་བས་གྲྭ་པ་ཚོར་ཁྱོད་ཚོའི་ནང་ཕྱི་ཕྱོགས་ཁ་བྲལ་བར་འབྲེལ་བ་བྱེད་མཁན་ཡོད་པ་ང་ཚོས་ཤེས་རྟོག་ཡོད་པས་ཁོང་ཚོ་ཁྲིམས་ཀྱི་ཚར་གཅོད་བྱེད་རྒྱུ་ཡིན་ཚུལ་གྱི་འཇིགས་སྣང་བསྐུལ་ཡོད་འདུག
སྒྲོལ་དཀར་སྐྱབས་ཀྱི་ཟིན་བྲིས་ལས་བླངས།