གསེར་རྟ་རྫོང་གི་བོད་མི་ཚོས་རྒྱ་གཞུང་ལ་བསྟུད་མར་ངོ་རྒོལ་སྐད་འབོད་བྱས་མཐར་བོད་མི་ཁག་ཅིག་འཛིན་བཟུང་བྱས་འདུག་ལ། སྤྱི་ཡོངས་ཀྱིས་ས་གནས་དེ་དག་ལ་དམ་དྲག་ནན་མོ་བྱེད་བཞིན་ཡོད་འདུག
ངྷ་སའི་ཉེ་འཁོར་འཆི་མེད་དགའ་ཚལ་གླིང་གི་མཁན་པོ་གསེར་རྟ་ཆོས་དབྱིངས་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༣༠ ཉིན་ཡུལ་ཤུལ་རྫ་སྟོད་གནས་མདོ་དགོན་པ་ནས་ཡིན་ཞིང་། གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་གི་བཀའ་བརྒྱུད་འཛིན་གྲྭའི་ནང་སློབ་སྦྱོང་བྱེད་ཀྱིན་པའི་རང་ལོ་ ༡༦ ཡིན་པའི་གྲྭ་བསྟན་འཛིན་རྒྱ་མཚོ་དང་། རྫ་སྟོད་རྫོང་རྗེ་དྲུང་དགོན་པའི་རང་ལོ་ ༡༥ ཡིན་པའི་གྲྭ་མགར་བ་དབང་ཆེན་སྟོབས་རྒྱལ་གཉིས་ཀྱིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་གི་ཁྲོམ་གཞུང་དུ་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ཏེ། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག བོད་ལ་རང་བཙན་དགོས་ཞེས་འབོད་ཚིག་བསྒྲགས་ཡོད་པ་དང་། དེར་ཡོད་ཀྱི་གྲྭ་པ་དང་མི་མང་གིས་རྒྱབ་སྐྱོར་གྱི་སྐད་འབོད་བྱས་ཡོད་ཀྱང་། ལག་ཏུ་རྒྱལ་དར་ཐོགས་པའི་ཁོང་གཉིས་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ད་ལྟའི་ཆར་གར་སོང་ཆ་མེད་དུ་གྱུར་ཡོད་འདུག
ཕྱི་ཚེས་ ༣༡ ཉིན་གསེར་རྟ་མཆོག་ཚང་སྡེ་བའི་དགེ་འཕན་འཇིགས་ཐུབ་ཀྱི་བུ་ཨོ་རྒྱན་རྣམ་རྒྱལ་གྱིས་ཀྱང་༸རྒྱལ་བ་རིན་པོ་ཆེ་མྱུར་དུ་བོད་ལ་གདན་འདྲེན་དགོས་པ་དང་། བོད་ལ་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་པའི་འབོད་ཚིག་བསྒྲགས་ཏེ་ངོ་རྒོལ་སྐད་འབོད་བྱས་པར་བརྟེན་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་འདུག་ཅེས་གནས་ཚུལ་འགྲེལ་བརྗོད་གནང་།
གོང་གསལ་གྱི་གནས་ཚུལ་འདི་དག་དང་འབྲེལ་ཏེ་གནས་ཚུལ་གཞན་ཁག་ཅིག་མཁོ་སྤྲོད་གནང་དོན། གོང་གི་གནས་ཚུལ་དེ་དག་བྱུང་རྗེས་ཀྱི་ཕྱི་ཚེས་ ༢ ཉིན་གསེར་རྟ་སྟག་རྩེ་དགོན་པའི་དགེ་འདུན་པ་གཉིས་ཀྱིས་གསེར་རྟ་རྫོང་དུ་ངོ་རྒོལ་སྐད་འབོད་བྱས་ཏེ་འཛིན་བཟུང་བཙོན་འཇུག་བྱས་ཡོད་པར་མ་ཟད། མཆོག་ཚང་སྡེ་བའི་རང་ལོ་ ༡༩ ཡིན་ཞིང་དགོན་པའི་སློབ་གྲྭའི་དགེ་རྒན་སྤྲུལ་སྐུ་རྣམ་རྒྱལ་གྱིས་གསེར་རྟ་རྫོང་ཐོག་ཏུ་བོད་ལ་རང་དབང་དགོས་ཞེས་པའི་ཡི་གེ་གཏོར་བར། དེ་འཕྲལ་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་ཡོད་པ་དང་། ཉེན་རྟོག་མི་སྣས་ཁོང་གིས་བཀྲམས་པའི་ཡི་གེ་དེ་དག་ཉིན་གཉིས་གསུམ་གྱི་དུས་ཚོད་བེད་སྤྱད་དེ་ལག་བྲིས་བྱས་པ་ཞིག་ཡིན་ཚུལ་སོགས་བརྗོད་དེ། ཁོང་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག
དེ་བཞིན། ཕྱི་ཚེས་ ༥ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢ སྟེང་མཆོག་ཚང་སྡེ་བའི་རང་ལོ་ ༢༠ ཡིན་པའི་མི་སྐྱ་ཐེག་མཆོག་འབོད་པ་ཞིག་གིས་བོད་ཀྱི་རྒྱལ་དར་ཐོགས་ཏེ་ངོ་རྒོལ་སྐད་འབོད་དང་མཉམ་དུ་ཡི་གེ་གཏོར་མཐར། ཉེན་རྟོག་མི་སྣས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་བྱུང་ཡོད་པ་དང་། ཕྱི་ཚེས ༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ཕྱི་དྲོའི་ཆུ་ཚོད་ ༢ བར་གསེར་རྟ་རྫོང་དུ་བསྟུད་མར་ཞི་བའི་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག་མོད། ད་ལྟའི་ཆར་དམག་མི་འབོར་ཆེན་སླེབས་ཏེ་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་དང་གསེར་རྟ་རྫོང་དུ་བོད་མི་ཚོར་དམ་དྲག་ཤུགས་ཆེར་བྱེད་ཀྱིན་ཡོད་པ་དང་། བརྒྱུད་ལམ་ཁག་ལ་དམ་དྲག་དང་ལྟ་རྟོག་ནན་མོ་བྱེད་ཀྱིན་ཡོད་སྟབས། ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཅེས་འགྲེལ་བརྗོད་གནང་ཡོད།